国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མཐོ་སྒང་གི་ཡུལ་ལྗོངས་དང་ཡུལ་སྲོལ་གོམས་གཤིས་ལས་ཐུན་མོང་ཕྱུག་འགྱུར་གྱི་ཕུགས་འདུན་གྲུབ།(གཅིག)

ཇ་བསྲུབས་མ་འཐུང་བ་དང་དྲི་ཞིམ་ལྡན་པའི་བོད་ཟས་ཟ་བ། སྐོར་བྲོ་འཁྲབ་སྟོན་ལ་ལྟ་བ་སོགས་དང་། སྔོ་ཐིང་ཐིང་གི་རི་ཀླུང་དང་།འཁྱགས་ཀླུང་།ཆུ་ཚན། མཛེས་སྡུག་ལྡན་པའི་ཡུལ་ལྗོངས་སོགས་ཀྱིས་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བར་མི་རིགས་ཀྱི་ཡུལ་སྲོལ་རིག་གནས་དང་མཛེས་སྡུག་ཡུལ་ལྗོངས་ཉམས་སུ་མྱོང་ཐུབ་པ་བྱུང་། འདི་ལོའི་རྒྱལ་སྟོན་གྱི་རྫོགས་ལྡན་གཟའ་འཁོར་རིང་དཀར་མཛེས་ཁུལ་གྱིས་རྒྱལ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི312.72ལ་སྣེ་ལེན་ཞུས་པ་དེ་ན་ནིང་དུས་མཚུངས་ལས་བརྒྱ་ཆ13.85འཕར་བ་དང་། ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར34.44ཟིན་པས་ན་ནིང་དུས་མཚུངས་ལས་བརྒྱ་ཆ14འཕར་ཡོད་པ་རེད། གྲངས་གཞི་གཉིས་ཀས་རང་ཁུལ་གྱི་རྒྱལ་སྟོན་རྫོགས་ལྡན་གཟའ་འཁོར་རིང་ཡུལ་སྐོར་སྣེ་ལེན་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་དཀར་མཛེས་ཁུལ་མུ་མཐུད་དེ་རྒྱལ་ཡོངས་ཀྱི་ཡུལ་སྐོར་བྱ་ཡུལ་རྩེ་གྲའི་གྲས་སུ་གྱུར་ཡོད་པ་རེད།

མང་ཚོགས་ཀྱི་སྡོད་ཁང་གནས་ཚང་ལེགས་སུ་བཏང་ནས་མི་སེར་གྱི་ཡོང་འབབ་འཕར་སྣོན་ཇེ་ཆེར་བཏང་།

དཀར་དམར་འདྲེས་མའི་བོད་ཁང་གྲལ་སྟར་འགྲིག་པོར་བསྐྲུན་ཞིང་ཁང་པའི་རྒྱབ་མདུན་གྱི་མེ་ཏོག་ལྡུམ་ར་དང་ཤིང་འབྲས་ལྡུམ་ར། ཚལ་ཞིང་བཅས་སྐྱེ་སྟོབས་ཀྱི་དཔལ་འབར་བ།གཙང་ཞིང་གྲལ་འགྲིག་པའི་གྲོང་ཚོའི་ལམ་བུ་དང་། ཁྱད་ཆོས་ལྡན་པའི་མང་ཚོགས་ཀྱི་གནས་ཚང་སྡོད་ཁང་དེ་བས་མངོན་གསལ་དོད་ཅིང་། སྒོ་རའི་ནང་མེ་ཏོག་བཞད་ལ་སྔོ་ཚལ་དང་ཤིང་འབྲས་ཀྱི་དྲི་བསུང་ལྷང་ལྷང་དུ་འཐུལ། གཙང་ཞིང་སྤྲོ་སྐྱིད་བག་འཕེལ་ཡོང་བ་དང་ཞབས་ཞུ་ལེགས་ཤིང་རིན་གོང་འཚམ་པ་སོགས་ནས་རྟའུ་རྫོང་དཔལ་སྨད་གྲོང་རྡལ་ས་ལྕམ་གྲོང་ཚོའི་གྲོང་མི་སྐལ་བཟང་སྐྱིད་ཀྱིས་གཉེར་བའི་ཡུལ་མི་གནས་ཚང“སྐར་ཚོམས་སྒར་སར”ཡུལ་སྐོར་བའི་གདེང་འཇོག་ཡག་པོ་ཐོབ།

ཐུན་མོང་མ་ཡིན་པའི་བོད་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བརྟེན་ནས་འགྲུལ་པ་སྡོད་དུ་འཇུག་པ། “རྒྱ་རིགས་དང་དབྱིས་རིགས། ཧུའེ་རིགས་བཅས་མི་རིགས་སུ་ཡིན་ཡང་ངའི་མིག་ལམ་དུ་ཚང་མ་སྐུ་མགྲོན་ཡིན་ལ་ཚང་མ་ཁྱིམ་ཚང་གཅིག་གི་མི་ཡིན་པས། ཡུལ་སྐོར་བར་མགྲོན་པོ་རང་ཁྱིམ་དུ་སླེབས་པ་ལྟ་བུའི་སྐྱིད་སྣང་དོད་པོ་ཞིག་ཡོང་བ་བྱེད་བཞིན་ཡོད”ཅེས་སྐལ་བཟང་སྐྱིད་ཀྱིས་འཛུམ་དམུལ་དམུལ་ངང་དེ་ལྟར་བཤད། ཁོས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་འདུ་ཤེས་གྲོང་མི་ཚང་མའི་སེམས་སུ་བརྟན་པོར་ཟུག་ཡོད་པས། གྲོང་སྡེ་ཡོངས་ཀྱི་དུད་ཚང85ཡི་ནང་ནས་དུད་ཚང16གིས་སྡོད་ཁང་གནས་ཚང་གཉེར་བས་ལོ་རེའི་ཐད་ཀའི་ཡོང་འབབ་སྒོར་ཁྲི150ཟིན་གྱི་ཡོད།

གནའ་བོའི་ཇ་འདྲེན་བརྡལ་ལམ་རྒྱུད་ཀྱི་གྲོང་རྡལ་གལ་ཆེན་ལྕགས་ཟམ་རྫོང་ལ་ངོས་ཡུལ་ཤོག་གི་མཐོ་སྒང་གི་རི་ཀླུང་དང་ཡུལ་སྲོལ་གོམས་གཤིས། ལ་ངོས་འཚེམ་དྲུབ་སོགས་ཀྱི་ཀོང་ཏུང་དང་ཞིན་ཅང་། ཡུན་ནན་སོགས་ནས་ཡོང་བའི“གྲོང་མི་གསར་པ”39ཡིས་མ་དངུལ་སྒོར་ཁྲི2000ལྷག་བཏང་ནས་དེ་གར་སྡོད་ཁང་ཉམས་བཟོ་དང་།དེབ་ཁང་སྐྲུན་པ། ཟ་ཁང་གཉེར་བ། ཁྱིམ་དར་ལས་གཏོད་བཅས་བྱས་པ་རེད།

ལ་ངོས་ཡུལ་དུ་གྲོང་མི་བརྒྱ་ཆ97བོད་རིགས་ཡིན་ཞིང་། གནའ་བོའི་ཇ་འདྲེན་བརྡལ་ལམ་དང་། རྒྱང་སྐྱོད་རིག་གནས་སོགས་ཁྱད་ལྡན་ཐོན་ཁུངས་ཕུན་སུམ་ཚོགས་པོ་དང་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ། མི་རིག་གི་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པ་རེད། ལ་ངོས་ཡུལ་ཤོག་ལ“གྲོང་མི་གསར་པ”གཅིག་རྗེས་གཉིས་མཐུད་ངང་ཡོང་ནས་རྐང་ཐང་བསྐྱོད་པ་དང་ཞིབ་འཇུག་དང་སློབ་སྦྱོང་སོགས་ཀྱི་ལས་རྣམ་གསར་པ་བཏོད་ཡོད།

ན་ནིང་ང་ཚོའི་གྲོང་ཚོའི་གྲོང་མིས་གྲོང་མི་གསར་པར་ཁང་པ་རྒྱག་རོགས་བྱས་པར་ཡོང་འབབ་སྒོར་ཁྲི170ལྷག་བྱུང་ཡོད། སྡོད་ཁང་གསར་པ་བསྐྲུན་པས་གྲོང་མི་ཚོའི་ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད”ཅེས་ལ་ངོས་ཡུལ་ཤོག་ཇོ་བོ་གྲོང་ཚོའི་ཏང་ཀྲི་པུའུའི་ཧྲུའུ་ཅི།གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཀའོ་ཆོན་སུང་གིས་དེ་ལྟར་བཤད། དེང་སང་ལ་ངོས་ཡུལ་དུ་གྲོང་མི་གསར་པ་དང་ཡུལ་སྐོར་བས་ལ་ངོས་འཚེམ་དྲུབ་ཀྱི་གོས་རྒྱན་སྤྲས་ནས་ཐུན་མོང་ཕྱུག་འགྱུར་དང་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་ཞིག་ཆགས་ཡོད།།(ལྷ་འཛོམས་ཀྱིས་བསྒྱུར།)