ཚིག་འཁྲི་སྐམ་པོ་འདི་ཚོ་ལྷན་དུ་རྒས་རྗེས།
ཕྱི་རོལ་གྱི་ཆར་སྒྲ་ཇེ་མཐོར་ཕྱིན་སོང་།
འདམ་རྫབ་ནང་གི་རྐང་རྗེས་བྱིངས་བ་ད་ལྟ་མཐོང་སྣེར་མི་འདུག།
བསླད་མ་ཞུགས་པའི་མཚན་མོ་གད་གཙང་།
མི་ཁེར་རྐྱང་ཞིག་གི་ནམ་མཁའ་དང་འདྲ་ཨང་།
སེམས་ནི་མུན་པས་ཁེངས་ཤིང་།
རྒྱང་རིང་གི་འོད་ཐིགས་ཤིག་ལ་རེ་སྒུག་ཚད་མེད་བྱས།
ཡིད་ཀྱི་གདུང་བ་འདིས་མནར་གཅོད་ཁོ་ན་སྟེར།
ངས། ཁོ་ཅག་ལ་དུས་ཚོད་མང་པོ་ཨ་ལན་མ་བྱིན།
ཆེ་ཞན་པའི་མཇུག་འབྲས་ཤིག་ལ་ཨུ་ཚུགས་ཀྱིས་ཡང་ཡང་འཐམ།
གནམ་མཐའི་ཉི་འོད་སེར་པོ་མིན།
གནམ་མཐའི་ས་གཞི་ལེབ་མོ་མིན།
གྲོང་མཐའི་མེ་ཏོག་ལ་བསུང་ངད་དབུལ།
སྲང་ལམ་གྱི་མི་དག་ལ་ཁྲེལ་གཞུང་མེད།
དབྱར་གྱི་དབུགས་རྔ་ཆད་པ་ནས་བཟུང་།
ངས། རང་སེམས་ཀྱི་སྤང་དུ་མེ་ཏོག་ཅི་རིགས་རྨོས།
གཡའ་དག་པའི་མེ་ལོང་ནང་དུ།
ངས་རང་ཉིད་ཇི་བཞིན་འཆར་བར་བརྩོན།
འདས་སོང་བའི་དུས་ཚོད་ཐམས་ཅད་ཕྱིར་ལྡོག་ཡོད་ན་བསམ།
ང་རང་། ནར་མ་སོན་པའི་བྱིས་པ་ཞིག་ཡིན་ན་ཅི་མ་རུང་དྲན།
༼ གངས་ཆབ་ལྷ་སྲས། ༽