ལ་གླུ་ཞེས་པའི་ལ་ནི་རི་སྒང་ངམ་ལ་མགོ་ལ་གོ་ཞིང་། བོད་མི་ཚོས་ཕྱུགས་རིགས་རྟ་ནོར་ལུག་གསུམ་དག་རི་མགོ་ནས་འཚོ་སྐྱོང་བྱེད་སྐབས་སུ་ལེན་པའི་གླུ་ཡིན་པས་དེ་ལྟར་ཐོགས། ད་དུང་དེ་ནི་དམངས་ཁྲོད་ཀྱི་རྩོམ་རིག་གི་རྣམ་པ་ཞིག་ཡིན་ལ་གླུ་ཚིག་མང་ཤོས་ནི་ཚེག་བར་བརྒྱད་པ་ཡིན།དཔེར་ན།བྲག་འགོའི་ཡུལ་གྱི་རྒན་གཞོན་ཚང་མའི་ངག་ལ་བྱང་བའི་གླུ་ཚིག་ནི་འདི་ལྟར་ཏེ།
ཁྱོད་ཁ་མཚར་གླུ་ལ་དགའ་ནི་བོ།།
ཁྱོད་སེམས་རྩ་སྐྱིད་ལ་འཁོར་བར་ཤོག།
ཁྱོད་འདོ་ཆུང་ཐོ་རུར་དགའ་ནི་བོ།།
ཁྱོད་ཕྱོགས་ལ་རྟ་བརྒྱ་འཁོར་བར་ཤོག།
ཁྱོད་གནག་ཆུང་ནོར་ལ་དགའ་ནི་བོ།།
ཁྱོད་ཕྱོགས་ལ་འབྲི་བརྒྱ་འཁོར་བར་ཤོག། ལྟ་བུའོ།།
སྤྱིར་ལ་གླུར་དབྱེ་ན་འབྲོག་གླུ་དང་རོང་གླུ་གཉིས་སུ་དབྱེ་བར་འདོད་དེ། དེའི་དབྱེ་བ་འབྱེད་སྟངས་ནི་དབྱངས་ཀྱི་འགུགས་སྟངས་དང་ཚིག་གི་མཚོན་སྟངས་ལས་མངོན་པར་གསལ་ལ། ལེན་སྟངས་ལའང་རྐྱང་ལེན་དང་མཉམ་ལེན་གཉིས་སུ་འདུས་པར་འདོད་མོད། འོན་ཀྱང་གཙོ་བོ་དབྱངས་འགྲོས་བབ་ཆགས་ཤིང་རང་དབང་ལྡན་པ་ཞིག་ཡིན།
ནང་དོན་ལ་དབྱེ་ན་བསྟོད་གླུ་དང་སྨད་གླུ། གླུ་མདུད། སྐྱེ་ཁམས་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ་སོགས་ཀྱི་བརྗོད་བྱའི་དོན་ཕུན་སུམ་ཚོགས་ཤིང་རྗོད་བྱེད་ཚིག་གི་ཕྲེང་བར་བརྡ་རྙིང་དང་མངོན་བརྗོད། སྙན་ངག་སོགས་ཀྱིས་སྐྱེ་བོ་ཡོངས་ཀྱི་ཡིད་དབང་འགུགས་པའི་ནུས་པ་ལྡན།
བྲག་འགོ་རྫོང་ལ་ཀྲུང་གོའི་ལ་གླུའི་ཕ་ས་ཞེས་པའི་ཆོ་ལོ་བསྩལ་བ་ནས་བཟུང་རང་རྫོང་གིས་ལ་གླུའི་རྒྱུད་འཛིན་མཁན་རྒན་དར་གཞོན་གསུམ་རྣམས་གསོ་སྐྱོང་ལེགས་པོ་མཛད་ལ། བདག་གིས་ཀྱང་ཐེངས་འདིའི་གོ་སྐབས་དང་བསྟུན་ནས་ཕ་ཡུལ་ལི་ཁོག་ཡུལ་གྱི་ལོ་ན་ལྔ་བཅུ་ནས་དགུ་བཅུ་བར་གྱི་རྒན་པ་ཚོའི་མདུན་དུ་བཅར་ནས། ལ་གླུའི་ཚིག་དང་དབྱངས་ལ་རྒྱུས་ལོན་བྱས་པ་ཡིན། ལ་གླུའི་གླུ་ཚིག་རེ་རེ་ཡིས་སྐབས་དེའི་སྤྱི་ཚོགས་ཀྱི་འཚོ་བ་རྟོགས་ལ། སྲོལ་རྒྱུན་གྱི་རིག་གནས་རེ་རེ་ཡིས་ང་ཚོས་ལོ་རྒྱུས་ལ་ཕྱིར་རྟོག་ཟབ་མོ་ཞིག་བྱེད་ཐུབ་པ་བྱུང་།
ཇི་ལྟར་ཉན་ཡང་སུན་པ་མེད་ཅིང་ཇི་ལྟར་བྲིས་ཀྱང་ད་དུང་འབྲི་བར་འདོད་པའི་དམངས་ཁྲོད་རིག་གནས་ནི་འུ་ཅག་གི་རིག་གནས་ཀྱི་ཡང་སྙིང་དང་བསམ་པའི་དཔལ་ཡོན་དུ་སྣང་བས་བདག་གིས་ཉེ་ལམ་རྩོམ་སྒྲིག་བྱེད་བཞིན་པའི་ལ་གླུ་སྲིད་པའི་འགྱུར་ཁུགས་ལས་རེ་འགའ་ཁོལ་དུ་ཕྱུང་ནས་བཀོད་པ་གཤམ་གསལ་ལྟར།
༡
སྟོད་གན་ན་ན་ཞིག་རིག་རྒྱུ་དེ།།
གཙང་ཨ་ཆེན་ན་བཀྲ་གོང་མ་རེད།།
འབྲོང་བྲེ་ལོའི་ཕ་ས་མ་ཡུལ་རེད།།
རྭ་སྨུག་པོའི་ཆ་དར་འཛོམས་ས་རེད།།
བར་གན་ན་རི་ཞིག་རིག་རྒྱུ་དེ།།
ཤར་རང་ཡུལ་རང་སྡེ་ཕྱུག་མོ་རེད།།
སྨན་བུ་མོའི་ཕ་ས་མ་ཡུལ་རེད།།
མགོ་གཡུ་བྱུར་ཆ་དར་འཛོམས་ས་རེད།།
སྨད་གན་ན་ཤིང་ཞིག་རིག་རྒྱུ་དེ།།
ཤིང་ཤིག་ལོའི་ཡལ་ག་གོང་མ་རེད།།
བྱ་ཁུ་ལོའི་ཕ་ས་མ་ཡུལ་རེད།།
གསུང་སྙན་མོའི་ཆ་དར་འཛོམས་ས་རེད།།
༢
རི་མཐོན་པོ་རྨ་རྒྱལ་སྦོམ་ར་རེད།།
དེའི་མཐོ་རོགས་ཀླུ་རྒྱལ་ཕྱུག་མོ་རེད།།
རི་མཐོན་པོ་བརྒྱ་དང་བརྒྱད་ཀྱིས་བསྐོར།།
རི་ཆུང་ཆུང་ཁྲི་མ་འབུམ་གྱིས་བསྐོར།།
རི་ཆེན་པོ་མ་ལ་བུ་འཁོར་རེད།།
ཆུ་ཆེན་པོ་རྨ་ཆུ་ལི་མ་རེད།།
དེའི་ཆུ་རོགས་འབྲི་ཆུ་སྔོན་མོ་རེད།།
ཆུ་ཆེན་པོ་བརྒྱ་དང་བརྒྱད་ཀྱིས་བསྐོར།།
ཆུ་ཆུང་ཆུང་ཁྲི་མ་འབུམ་གྱིས་བསྐོར།།
ཆུ་ཆེན་པོ་མ་ལ་བུ་འཁོར་རེད།།
དཔོན་མཐོན་པོ་རྒྱ་ནག་རྒྱལ་པོ་རེད།།
དེའི་མཐོ་རོགས་རྒྱ་གར་རྒྱལ་པོ་རེད།།
དཔོན་ཆེན་པོ་བརྒྱ་དང་བརྒྱད་ཀྱིས་བསྐོར།།
དཔོན་ཆུང་ཆུང་ཁྲི་མ་འབུམ་གྱིས་བསྐོར།།
དཔོན་ཆེན་པོ་མ་ལ་བུ་འཁོར་རེད།།
༣
སྟག་ཤར་ལི་ཕོ་ལྷ་དགྲ་བླས་སྲུང་།།
མགོ་ཝ་དམར་ཝ་ཡང་སྤྲུལ་སྐུས་སྲུང་།།
རྒྱབ་ཁྲ་རིང་སོག་པོའི་མགར་བས་སྲུང་།།
དེ་གསུམ་གྱིས་སྲུང་དང་བུད་ལ་འགྲོ།།
རྟ་འདོ་བ་རྟ་མགྲིན་དམར་པོས་སྲུང་།།
སྲབ་སིལ་མ་ལྷ་ཆེན་ཚངས་པས་སྲུང་།།
སྒ་བེ་ཤིང་བེ་ཡུལ་སྤྲུལ་སྐུས་སྲུང་།།
དེ་གསུམ་གྱིས་སྲུང་དང་བུད་ལ་འགྲོ།།
སྨན་བུ་མོ་རྗེ་བཙུན་སྒྲོལ་མས་སྲུང་།།
མགོ་གཡུ་བྱུར་རྒྱ་གར་རྒྱལ་པོས་སྲུང་།།
རྒྱབ་ཕྲུག་ཆུང་སོག་པོའི་རྒྱལ་པོས་སྲུང་།།
དེ་གསུམ་གྱིས་སྲུང་དང་བུད་ལ་འགྲོ།།
༤
དགོང་ཨ་སྔོན་རས་ལྭ་སྔོ་དཀར་རེད།།
གོན་བསམ་ན་ཡང་གོང་བ་མེད་གི།།
ཚེ་སྔོན་ཆད་མེད་ནི་མ་རེད་དེ།།
རོགས་འུ་གཉིས་སྔོན་ལས་མེད་ནི་རེད།།
ཤར་ཉི་ཟླ་དངུལ་དཀར་གའུ་རེད།།
བཏགས་བསམ་ན་ཡང་གའུ་ལུང་མེད་གི།།
ཚེ་སྔོན་ཆད་མེད་ནི་མ་རེད་དེ།།
རོགས་འུ་གཉིས་སྔོན་ལས་མེད་ནི་རེད།།
ཆུ་གཙང་བོ་རས་ལྕུག་སྔོ་དཀར་རེད།།
བཅིངས་བསམ་ན་ཡང་ཁ་ཚར་མེད་གི།།
ཚེ་སྔོན་ཆད་མེད་ནི་མ་རེད་དེ།།
རོགས་འུ་གཉིས་སྔོན་ལས་མེད་ནི་རེད།།
༥
བོའུ་ཉོ་ན་ཟི་ལིང་ལྕག་ཁྲ་ཉོས།།
མདའ་ཟད་ནའང་ལྕག་ཁྲ་ཟད་མེད་རེད།།
རྟ་ཉོ་ན་འཕན་འགྲོས་གྲུག་ཁྲ་ཉོས།།
ཤ་ཟད་ནའང་གོམ་པ་ཟད་མེད་རེད།།
རོགས་ཉོ་ན་ཕ་ཕྱུག་བུ་མོ་ཉོས།།
རིན་ཟད་ནའང་རྫོངས་བ་ཟད་མེད་རེད།།
༦
བེའུ་ཁྲ་རིང་ཁྲ་ཐུང་མང་པོ་མེད།།
གཅིག་ཡོད་པ་གནམ་ལྕགས་ཐོག་དང་འདྲ།།
ཐོག་འདྲ་བའི་བོའུ་ཞིག་མེད་མོད་ཀྱང་།།
བོའུ་གཟུ་འབབ་ཐོག་དང་འདྲ་འདྲ་ཡིན།།
རྟ་གྲོ་རྒྱ་སྔོ་རྒྱ་མང་པོ་མེད།།
གཅིག་ཡོད་པ་སིལ་མ་རླུང་དང་འདྲ།།
རླུང་འདྲ་བའི་རྟ་ཞིག་མེད་མོད་ཀྱང་།།
འགྲོས་གོམ་པ་རླུང་དང་འདྲ་འདྲ་ཡིན།།
རོགས་ཁ་འདྲིས་ཞེ་འདྲིས་མང་པོ་མེད།།
གཅིག་ཡོད་པ་རིན་ཆེན་སྲོག་དང་འདྲ།།
སྲོག་འདྲ་བའི་རོགས་ཤིག་མེད་མོད་ཀྱང་།།
འགྲོགས་མཛའ་མཐུན་སྲོག་དང་འདྲ་འདྲ་ཡིན།།
༧
ལྷ་བླ་མའི་མགོ་ན་རི་མོ་མེད།།
མགོ་གསེར་ཞྭ་གྱོན་དང་རི་མོ་རེད།།
སྨན་བུ་མོའི་མགོ་ན་རི་མོ་མེད།།
མགོ་ལན་རྐང་སྒྲིག་དང་རི་མོ་རེད།།
རྟ་འདོ་བའི་མགོ་ན་རི་མོ་མེད།།
མགོ་གསེར་སྲབ་ཞོག་དང་རི་མོ་རེད།།
༨
ལུག་དཀར་ཆུང་ནམ་མཁའི་སྐར་ཚོགས་རེད།།
དེའི་ལུག་རྫི་མཚོ་ནང་ནོར་བུ་རེད།།
ཟོག་ནག་ཆུང་རྩྭ་མགོའི་མེ་ཏོག་རེད།།
དེའི་ཟོག་རྫི་འཛམ་གླིང་ཉི་མ་རེད།།
རྟ་འདོ་བ་མཚོ་ཁའི་མེ་ཏོག་རེད།།
དེའི་རྟ་རྫི་མཚོ་ནང་ནོར་བུ་རེད།།
༩
ངས་གླུ་ཞིག་བླངས་ན་མཛོ་ཞིག་དགོས།།
མཛོ་ཁྱུང་ལིའི་རྭ་ཁ་ལྡེམ་མེ་དགོས།།
ངས་གླུ་ཞིག་བླངས་ན་རྟ་ཞིག་དགོས།།
རྟ་འདོ་ལིའི་སྲབ་མདའ་ཤིགས་སེ་དགོས།།
ངས་གླུ་ཞིག་བླངས་ན་ལུག་རེ་དགོས།།
ལུག་ཚེར་མོའི་བལ་ཁ་ཉིལ་ལེ་དགོས།།
༡༠
ང་ཁེ་ཁ་གོང་མས་འབུད་དུས་སུ།།
ངའི་རྟ་མགོ་གསེར་གྱི་མཆོད་རྟེན་རེད།།
དེའི་ཟེ་བ་སྟོང་སྐུད་མདུད་པ་རེད།།
དེའི་རྔ་མ་ལྷོ་སྤྲིན་འཁྱིལ་ཡག་རེད།།
རྟ་འདི་ཚོ་རྟ་མགྲིན་དམར་པོས་སྲུང་།།
ང་ཁེ་ཁ་བར་མས་འབུད་དུས་སུ།།
སྒའི་སྔ་རུ་ཨོ་རྒྱན་པ་ཊ་རེད།།
སྒའི་ཕྱི་རུ་ཕྱག་ན་རྡོ་རྗེ་རེད།།
དེའི་སྒ་ཁུང་ཉི་མ་རང་ཤར་རེད།།
སྒ་འདི་ཚོ་དགའ་ལྡན་གསེར་ཁྲིས་སྲུང་།།
ང་ཁེ་ཁ་ཞོལ་མས་འབུད་དུས་སུ།།
ངའི་སྐུ་ལུས་མགར་བས་བརྡུང་འདྲ་རེད།།
ངའི་ཁ་མིག་ལྷ་བཟོས་བྲིས་འདྲ་རེད།།
ངའི་དབུ་སྐྲ་ལྷ་མིས་གཤིབ་འདྲ་རེད།།
མི་འདི་ཚོས་ཚེ་ཐག་གནམ་གི་སྲུང་།།
༡༡
ཁ་ཚེ་སྟོད་བསམ་པའི་བསམ་སྒོ་ལ།།
མགོ་ཝ་དམར་གྲ་ཁ་ཡག་ན་བསམ།།
རྟ་འདོ་ལིའི་གྲུག་ཞེང་ལེབ་ན་བསམ།།
བོའུ་ཁྲ་རིང་གཟུ་འབེབ་ཡོད་ན་བསམ།།
ཁ་ཚེ་སྟོད་བསམ་པའི་བསམ་སྒོ་རེད།།
ཁ་ཚེ་སྐེད་བསམ་པའི་བསམ་སྒོ་ལ།།
འབྲི་ཐུལ་མའི་རྡང་ཐག་རིང་ན་བསམ།།
སྦྲ་རེ་ལོའི་མཁའ་ཞེང་ཆེ་ན་བསམ།།
རོགས་ཆུང་མའི་ཤ་ལོ་དཀར་ན་བསམ།།
ཁ་ཚེ་སྐེད་བསམ་པའི་བསམ་སྒོ་རེད།།
ཁ་ཚེ་སྨད་བསམ་པའི་བསམ་སྒོ་ལ།།
ཇ་ཡང་མར་ཁོལ་མགོ་ཡོད་ན་བསམ།།
ཁ་མ་ཎིའི་གྲངས་རྟགས་མཐོ་ན་བསམ།།
ལྷ་བླ་མའི་ངོ་སོ་མཐོ་ན་བསམ།།
ཁ་ཚེ་སྨད་བསམ་པའི་བསམ་སྒོ་རེད།།
༡༢
སྟོད་གན་གི་གངས་རི་མཐའ་མེད་དེ།།
ནམ་ཡར་གསལ་གན་ལ་ཉི་རྩེ་ཕོག།
འདི་ཕོག་གིན་གངས་རི་ཇེ་དཀར་རེད།།
གངས་མི་ཆགས་ཆགས་ལུགས་དེ་འདྲ་རེད།།
བར་གན་གི་ཤུག་པ་སྔོ་ལྡེམ་དེ།།
ནམ་ཡར་གསལ་གན་ལ་བསང་ཤུག་བཏུས།།
འདི་བཏུས་པས་ཤུག་པ་ཇེ་རྫིག་རེད།།
ཤིང་མི་སྐྱེ་སྐྱེ་ལུགས་དེ་འདྲ་རེད།།
སྨད་གན་གི་རོགས་ལོ་སྙིང་རྗེ་དེ།།
ནམ་ཡར་གསལ་གན་ལ་མཁའ་ཁ་ཕོག།
དབྱེན་ཕོག་གིན་རོགས་ལོ་ཇེ་མཐུན་རེད།།
རོགས་མི་རྩེ་རྩེ་ལུགས་དེ་འདྲ་རེད།།
༡༣
ངའི་གླུ་མགོ་སངས་རྒྱས་སྟོང་སྐུ་རེད།།
ཆོས་སངས་རྒྱས་བསྟན་པ་ཡར་དར་རེད།།
ངའི་གླུ་སྐེད་གཞུ་མོ་བཀུགས་འདྲ་རེད།།
གླུ་ཡག་པོ་མདའ་མོ་འཕངས་འདྲ་རེད།།
ངའི་གླུ་རྔ་མཚོ་མོ་ཡར་འཁྱིལ་རེད།།
གླུ་ཡག་པོ་མཚོ་མོ་ཡར་འཁྱིལ་རེད།།
༡༤
སྟོད་གན་ན་ལམ་ཞིག་རིག་རྒྱུ་དེ།།
ལམ་ཡག་པོ་དགའ་ལྡན་ལྷ་ལམ་རེད།།
བར་གན་ན་ཤིང་ཞིག་རིག་རྒྱུ་དེ།།
ཤིང་ཡག་པོ་ཨ་གར་ལྗོན་ཤིང་རེད།།
སྨད་མོས་ན་སྡེ་ཞིག་རིག་རྒྱུ་དེ།།
སྡེ་ཡག་པོ་གཡུང་དྲུང་སྒོ་བཞི་རེད།།
༡༥
རོགས་ཁྱོད་ཕྱོགས་ཀྱི་ནི་རི་མགོ་ན།།
རླུང་ས་མ་སིལ་ཞིག་གཡུག་རྒྱུ་དེ།།
ངའི་གངས་དཀར་སེམས་ཀྱི་བྱོལ་མ་རེད།།
ཁྱོས་གོ་འུ་ཨེ་ཡོད་ཆུང་འདྲིས་རོགས།།
རོགས་ཁྱོད་ཕྱོགས་ཀྱི་ནི་རི་སྐེད་ན།།
ཆར་ཟ་མ་ཟིལ་ཞིག་འབབ་རྒྱུ་དེ།།
འདི་ཁྲ་ཆུང་མིག་གི་མཆི་མ་རེད།།
ཁྱོས་གོ་འུ་ཨེ་ཡོད་ཆུང་འདྲིས་རོགས།།
རོགས་ཁྱོད་ཕྱོགས་ཀྱི་ནི་རི་འདབས་ན།།
སྨུག་ལ་མ་ལིང་ཞིག་འཐིབ་རྒྱུ་དེ།།
ངའི་ཁ་རླངས་སྨུག་གི་བརྡ་རེད།།
ཁྱོས་གོ་འུ་ཨེ་ཡོད་ཆུང་འདྲིས་རོགས།།
༡༦
ང་ཁྲམ་པའི་བུ་ལ་འཁོར་བ་མེད།།
རྫ་ཁྲ་ཡག་ཁྲམ་པའི་འཁོར་བ་རེད།།
ང་ཁྲམ་པའི་བུ་ལ་འགྲོ་རོགས་མེད།།
རྟ་འདོ་ལི་ཁྲམ་པའི་འགྲོ་རོགས་རེད།།
ང་ཁྲམ་པའི་བུ་ལ་ཚེ་རོགས་མེད།།
བོའུ་ཁྲ་རིང་ཁྲམ་པའི་འགྲོ་རོགས་རེད།།
༡༧
ངའི་གླུ་མོ་གསེར་གྱི་པ་ཊ་མ།།
དེ་ཡར་ཁྱེར་རྒྱ་གར་དབུས་ལ་ཁྱེར།།
བན་སེར་ཆུང་གསུམ་གྱིས་ཁོས་ཉོ་ཟེར།།
གོང་དུ་བྱིན་ཟེར་དང་ཐེར་ཆེན་བརྒྱ།།
ཁན་ཅི་འཇོག་ཟེར་དང་ཐེར་ཆུང་བརྒྱ།
ཕྲུག་ཐེར་ཆེན་ཐེར་ཆུང་ཉིས་བརྒྱ་རེད།།
ཚོང་ཁེ་སྤོགས་ཡོད་ནི་གོ་ན་ཡང་།།
གླུ་ཁ་མཚར་མ་བཙོང་ཕྱིར་ལ་ཡོང་།།
ངའི་གླུ་མོ་གསེར་གྱི་པ་ཊ་མ།།
དེ་ཕར་ཁྱེར་སོག་པོའི་ཡུལ་ལ་ཁྱེར།།
སོག་ཚོང་གསུམ་གྱིས་ཁོས་ཉོ་ཟེར།།
གོང་དུ་བྱིན་ཟེར་དང་ཐོར་ཆེན་བརྒྱ།།
ཁེན་ཅི་འཇོག་ཟེར་དང་ཐོར་ཆུང་བརྒྱ།
རྟ་ཐོར་ཆེན་ཐོར་ཆུང་ཉིས་བརྒྱ་རེད།།
ཚོང་ཁེ་སྤོགས་ཡོད་ནི་གོ་ན་ཡང་།།
གླུ་ཁ་མཚར་མ་བཙོང་ཕྱིར་ལ་ཡོང་།།
ངའི་གླུ་མོ་གསེར་གྱི་པ་ཊ་མ།།
དེ་མར་ཁྱེར་རྒྱ་ནག་ཡུལ་ལ་ཁྱེར།།
རྒྱ་ཁེ་བ་གསུམ་གྱིས་ཁོས་ཉོ་ཟེར།།
གོང་དུ་བྱིན་ཟེར་དང་ཁལ་ཆེན་བརྒྱ།།
ཁན་ཅི་འཇོག་ཟེར་དང་ཁལ་ཆུང་བརྒྱ།
ཇ་ཁལ་ཆེན་ཁལ་ཆུང་ཉིས་བརྒྱ་རེད།།
ཚོང་ཁེ་སྤོགས་ཡོད་ནི་གོ་ན་ཡང་།།
གླུ་ཁ་མཚར་མ་བཙོང་ཕྱིར་ལ་ཡོང་།།
༡༨
ངའི་ཁྲི་ཐོག་བླ་མས་ཟེར་གི་ད།།
རོགས་ཁྱོད་གཉིས་མཛའ་མཐུན་ཕྱེ་དགོས་ཟེར།།
ཆགས་བཞག་ན་བླ་ལོ་ལོས་བདེན་ད།།
ཁྱེད་མདུན་གྱི་བུམ་པ་ཆ་གཉིས་དེའི།།
ཆ་ག་ཡ་མེད་ན་ཅི་འདྲ་རེད།།
རོགས་འུ་གཉིས་མཛའ་མཐུན་དེ་འདྲ་རེད།།
ངའི་གོང་ཤེས་དཔོན་ལིས་ཟེར་གི་ད།།
རོགས་ཁྱོད་གཉིས་མཛའ་མཐུན་ཕྱེ་དགོས་ཟེར།།
ཆགས་བཞག་ན་དཔོན་ལོ་ལོས་བདེན་ད།།
ཁྱེད་རྒྱབ་ཀྱི་ཁྲ་རིང་རྭ་གཉིས་དེའི།།
རྭ་ག་ཡ་མེད་ན་ཅི་འདྲ་རེད།།
རོགས་འུ་གཉིས་མཛའ་མཐུན་དེ་འདྲ་རེད།།
ངའི་དྲིན་ཅན་མ་ལོས་ཟེར་གི་ད།།
རོགས་ཁྱོད་གཉིས་མཛའ་མཐུན་ཕྱེ་དགོས་ཟེར།།
ཆགས་བཞག་ན་མ་ལོ་ལོས་བདེན་ད།།
ཁྱེད་རྣ་ཡི་རྣ་ལུང་ཆ་མ་དེའི།།
ཆ་ག་ཡ་མེད་ན་ཅི་འདྲ་རེད།།
རོགས་འུ་གཉིས་མཛའ་མཐུན་དེ་འདྲ་རེད།།
༡༩
རྨ་ཕ་རོལ་རྡོ་ཕྲེང་གོང་མ་ན།།
བོའུ་ཨེ་འཕེན་ཟེར་མཁན་མང་པོ་རེད།།
བོའུ་མི་འཕེན་དམུ་རྗེ་མགར་གསར་ཡིན།།
ལག་སྡིག་སྒྲིབ་འཇོག་སྔ་བྱེད་མི་ཉན།།
རྨ་ཕ་རོལ་རྡོ་ཕྲེང་བར་མ་ན།།
རྟ་ཨེ་རྒྱུག་ཟེར་མཁན་མང་པོ་རེད།།
རྟ་མི་རྒྱུག་ཐོ་རུ་ཆུང་ཆུང་ཡིན།།
མགོ་གསེར་ཁྲབ་འཇོག་སྔ་བྱེད་མི་ཉན།།
རྨ་ཕ་རོལ་རྡོ་ཕྲེང་འགབ་མ་ན།།
རོགས་ཨེ་རྩེ་ཟེར་མཁནན་མང་པོ་རེད།།
རོགས་མི་རྩེ་ཞི་མོ་ཆུང་ཆུང་རེད།།
ཁ་མི་ཁ་འཇོག་སྔ་བྱེད་མི་ཉན།།
༢༠
རྟ་འདོ་བས་ཐང་ཆེན་འགྲིམས་ནས་སོང་།།
རྩྭ་འཇག་མ་ཡིད་ལ་བརྒྱུད་དེ་ཐལ།།
རྟ་འདོ་བས་ཟ་བསམ་ཡོད་གི་ད།།
སྲབ་སིལ་མས་ཟ་དབང་མི་བྱིན་གི།།
རྩྭ་འཇག་མ་ཡིད་ནས་མ་བརྗེད་དང་།།
སྲབ་སིལ་མ་ཡུན་གྱི་ཡོད་ནི་མིན།།
རྒོད་ཐང་དཀར་ཨ་སྔོན་འགྲིམས་ནས་སོང་།།
བྲག་དཀར་ཆུང་ཡིད་ལ་བརྒྱུད་ནས་ཐལ།།
རྒོད་ཐང་དཀར་འབབ་བསམ་ཡོད་གི་ད།།
རླུང་སིལ་མས་འབབ་དབང་མི་བྱིན་གི།།
བྲག་དཀར་ཆུང་ཡིད་ནས་མ་བརྗེད་ད།།
རླུང་སིལ་མ་ཡུན་གི་ཡོད་ནི་མིན།།
སྐྱེ་ཤར་ལིས་སྡེ་བ་འགྲིམས་ནས་ཐལ།།
སྨན་བུ་མོ་ཡིད་ལ་བརྒྱུད་ནས་ཐལ།།
སྐྱེ་ཤར་ལི་རྩེ་བསམ་ཡོད་གི་ད།།
ཡུལ་སྡེ་བས་རྩེ་དབང་མི་བྱིན་གི།།
སྨན་བུ་མོ་ཡིད་ནས་མ་བརྗེད་དང་།།
ཡུལ་སྡེ་བ་ཡུན་གི་ཡོད་ནི་མིན།།
༢༡
དགོན་ལྷ་ཁང་ཕྱི་ཡི་ལྕགས་རི་རེད།།
གོང་བླ་མ་ནང་གི་ནོར་བུ་རེད།།
ཆོས་བསྟན་པ་དར་བའི་རྟེན་འབྲེལ་ཞུ།།
སྡེ་ཆེན་པོ་ཕྱི་ཡི་ལྕགས་རི་རེད།།
དྲིན་ཕ་མ་ནང་གི་ནོར་བུ་རེད།།
འདི་ཚེ་ཐག་རིང་གི་རྟེན་འབྲེལ་ཞུ།།
༢༢
མཁར་སྐྱ་རེངས་ཤིག་ལ་ལྟག་སྒོ་གཉིས།།
མགོ་ལབ་ཙེ་ཞིག་གི་སུམ་འཛོམས་རེད།།
ངས་མཐོན་པོ་ཀླད་ལ་མངགས་ནི་མིན།།
ཤར་ཉི་ཟླ་ཤོར་ན་ཡོག་མེད་རེད།།
རྟ་འདོ་བ་ཞིག་ལ་སྲབ་མཐུར་གཉིས།།
རྒྱབ་གསེར་སྒ་ཞིག་གི་སུམ་འཛོམས་རེད།།
ངས་མགྱོགས་པོ་སྔོན་ལ་མངགས་ནི་མིན།།
རླུང་སིལ་མ་ཤོར་ལ་ཡོག་མེད་རེད།།
སྨན་བུ་མོ་ཞིག་ལ་གོས་བཅུད་གཉིས།།
མགོ་གཡུ་བྱུར་ཞིག་གི་སུམ་འཛོམས་རེད།།
ངས་ཡག་པ་ཀླད་ལ་མངགས་ནི་མིན།།
འཇའ་ཁ་དོག་ཤོར་ན་ཡོག་མེད་རེད།།