སྒེའུ་འགྲམ་ནས་རྒྱང་ལ་ལྟ་བཞིན་ཧད་དེ་ལུས་དུས།
ངས་དུས་ཚིགས་འདི་གང་གིས་མཚོན་དགོས་པར་མ་ངེས།
ངས་རང་གི་སེམས་པ་འདི་ཡང་གང་གིས་མཚོན་པར་མ་ཤེས།
སྐབས་འགར་དབྱར་གྱི་སྦྲང་ཆར་ཟམ་ཟིམ་དུ་འབབ་པས།
སྐབས་འགར་འབྲུག་སྒྲ་རེའང་ཐོལ་གྱིས་གྲགས་པས།
ངས་དུས་ཚིགས་འདི་དྲན་ཤེས་ཀྱི་ལྕགས་ཀྱུས་ཟིན་ཐབས་མ་བྱུང་།
ཡང་སྐབས་རེར་རི་བོའི་གཙུག་གཏོར་ན་ཁ་བ་འབབ་པས།
ཡང་སྐབས་རེར་ལུས་སེམས་ལ་ཚ་རེག་རེག་གི་ལྷགས་རླུང་ལྡང་བས།
ངས་དུས་ཚིགས་འདི་དངོས་གནས་འདི་འདྲ་ཞེས་ཤོད་མ་ཐུབ།
དེ་ལྟ་ན་ཡང་ཉི་འོད་ནི་སྔར་བཞིན་རེ་དོགས་མེད་པར་སྒེའུ་འགྲམ་ནས་ཤར།
སྨུག་པ་ལང་ལོང་གི་སྤྲིན་པ་དེ་དག་ཀྱང་ཕྱོགས་དང་ཕྱོགས་སུ་དྭངས།
སྣ་ཚོགས་གཞི་གཅིག་ཏུ་འདྲེས་ཚེ་ངས་རང་གི་སེམས་གཤིས་ཀྱང་མ་དཔོག།
༼ ལྡེའུ་ནག། ༽