ད་ལྟ་སྟོན་ཁ་སླེབས་ནས།
རི་ལུང་གང་སར་གསེར་གྱི་ཁུ་བས་བྲན་པ་བཞིན་སེར་ཁྱུག་གེར་གྱུར་འདུག
ལྗང་མདོག་ལྡན་པའི་དབྱར་ཀ་བཞུད་པ་ཅི་འདྲའི་མགྱོགས་པ་ལ།
ད་ནི་སྟོན་ཁའང་དེ་འདྲའི་མི་རིང་བར་ང་དང་ཁ་བྲལ་རན་འདུག།
དུས་ཚིགས་རེ་རེས་ང་རང་བསྐྱུར་ནས་འདི་ལྟར་བཞུད་འགྲོ་དུས།
དངོས་གནས་ང་རང་དེ་ཙམ་བག་ཕེབས་ལྷིང་འཇགས་ཤིག་མ་རེད།
ད་ལྟ་ང་རང་ས་མཐར་ཡོད་པ་དང་།
ས་མཐའ་ནས་ས་མཐར་སྙེག་དགོས་པ་འདིའང་།
ལས་ཅི་ཞིག་གི་འཕྲོ་མཐུད་དགོས་པ་ཡིན་ན།
སྐབས་ལ་ལར་རང་ཉིད་ཀྱི་མེ་ལོང་ནི།
མདུན་ཐད་དུ་ཀྲོང་ངེར་འགྲེང་བའི་རི་བོ་དེ་དང་འདྲ་བར།
ཕྱོགས་གཅིག་ནས་ཕ་ཡུལ་དྲན་བཞིན་འདུག་ལ།
ཕྱོགས་གཞན་ནས་ཁེར་རྐྱང་ངང་གསལ་ལ་མི་གསལ་བའི་སྨུག་པས་གོས་འདུག།
ཁེར་རྐྱང་གི་དུས་ཚོད་རེ་རེའི་ནང་།
སེམས་ཀྱི་མེ་ཁ་གསོ་བྱེད་ནི་གཞས་དང་སྙན་ངག་རེད་འདུག།
སྔ་ས་ནས་ཆ་རྒྱུས་ཡོད་པའི་གཞས་ཀྱི་གདངས་དབྱངས་རེ་རེས།
ང་རང་ཞེ་གཏིང་ནས་སྒུལ་གྱིན་འདུག།
ཆ་རྒྱུས་ལྡན་པའི་མི་ཞིག་དང་ཁ་བརྡ་གློད་པ་བཞིན།
བརྒྱུད་མྱོང་བའི་ས་ཆ་འགའ་ཞིག་གི་རྣམ་པ་ཡིད་ལ་འཁོར་དུ་བཅུག།
སྟོན་ཁ་ནི་འབྲེལ་འདྲིས་གཏིང་ཟབ་ཏུ་གྱུར་པའི་མི་ཞིག་ཡིན་ལ།
སྟོན་ཁ་ནི་ཆ་རྒྱུས་གཏན་ནས་མེད་པའི་ས་མཐའ་ཞིག་ཀྱང་ཡིན།
གནས་འདི་ནས་སྟོན་རླུང་བསིལ་བསིལ་དུ་ལྡང་བས།
སེར་ཐིག་ལྷུང་བའི་སྡོང་མགོའི་ལོ་མ་དག་གིས།
ང་རང་ལ་ཕྱོགས་གཅིག་ནས་ཕ་ཡུལ་དྲན་དུ་བཅུག་ལ།
ཕྱོགས་གཞན་ནས་ཁེར་རྐྱང་གི་དུས་ཚོད་ལ་ཁ་བ་གྲ་སྒྲིག་བྱེད་ཀྱིན་འདུག།
༼ དུ་སྤྲིན། ༽