ཉི་འོད་རླུང་གིས་བྱུགས་པའི་ཁང་སྟོང་ན། །
ཚིག་རྒྱན་འཚོལ་བའི་གསར་འགྱུར་སྟོང་པ་ཞིག །
ག་ལེར་ཡུན་གྱིས་མི་ཚོགས་གསེང་ལ་འཚེངས། །
ངལ་དུབ་རླུང་ལ་བསྐུར་བའི་སྲོད་དུས་སུ། །
ང་ཡིས་དེ་དག་བསམ་བཞིན་དེ་གར་ལུས། །
ཐེ་ཚོམ་འཚེར་སྣང་ཡོད་ཚད་ཕྱི་རུ་བསྔོགས། །
རང་ཉིད་ང་རྒྱལ་དང་བཅས་བཞེངས་པ་ན། །
དུར་བྱང་མེ་ལོང་ལྟ་བུའི་ངོས་གཉིས་སུ། །
ཁྱོད་ཀྱི་གླུ་དང་བཞིན་རས་ཕབ་ཡོད་ན། །
ང་ཡི་སྙན་ངག་རིན་ཆེན་ཁྱེད་ལ་ཕུལ། །
སྒེའུ་ཁུང་ཁྲིའུ་ནས་རྒྱང་རིང་ཡུལ་ལ་བལྟས། །
གདོང་གི་མིག་གཉིས་མཆི་མས་བརླན་ན་ཡང་། །
ལྷད་མེད་བརྩེ་བའི་ཕྱིར་དུ་ཐག་རིང་གི །
རྒྱུས་མེད་ཡུལ་གྱི་ཁྱེད་ཀྱི་བདེ་སྡུག་ལ། །
སེམས་པ་ཐོགས་ཀིན་སྙིང་ལ་ན་ཚ་བཟོས། །
ད་ལྟ་ང་ཡིས་ཁེར་རྐྱང་གླུ་གཞས་ཤིག །
བསྐལ་བ་དུ་མའི་ངོ་བོར་ཡང་ཡང་བླངས། །
གྲོགས་མེད་གཅིག་པུར་རྒྱུས་མེད་ཡུལ་དུ་འཁྱམས། །
སྙན་ངག་བྲིས་ཤིང་གཏམ་རྒྱུད་ང་ཡིས་བསྙལ། །
སྐྱོ་སྣང་སྦས་ཤིང་འགྱོད་གདུང་ང་ཡིས་བསླེས། །
སྐྱེ་འཆིའི་འཇིགས་པ་དབྱངས་སུ་གྱེར་རོགས་ཀྱི། །
སྲིད་པའི་ཁམས་འདིའི་དབྱངས་དང་གསལ་བྱེད་དག །
སྐྱེ་ནས་སྐྱེ་བར་གང་དང་གར་སྐྱེས་ཀྱང་། །
བདག་གི་སྙིང་དང་དཔྲལ་བའི་མིག་ལྟར་གཅེས། །
ལོ་ཟླ་འདས་ཀྱང་ཚེ་ཡི་སྲུང་འཁོར་ཉིད། །
༼ གངས་ཚ་འཇོམས། ༽