国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲའོ་ཅུན་མིང་གིས་དཀར་མཛེས་ཁུལ་དུ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུའི་སྐོར་གྱི་སྒྲོག་འགྲེལ་དང་ཁྲིད་སྟོན་གནང་སྐབས།

ནུས་ཤུགས་ཡོད་རྒུས་དཔལ་འབྱོར་འཛུགས་སྐྲུན་བྱས་ཏེ། བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་བསྐུལ་དགོས་ཞེས་ནན་གསུང་གནང་།

ཉེ་ཆར། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཀྲའོ་ཅུན་མིང་དཀར་མཛས་ཁུལ་དུ་ཕེབས་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པར་སྒྲོག་འགྲེལ་མཛུབ་སྟོན་གནང་། ཀྲའོ་ཅུན་མིང་སྔོན་རྗེས་སུ་དཀར་མཛེས་རྫོང་དང་བྲག་མགོ་རྫོང་། རྟའུ་རྫོང་། རོང་བྲག་རྫོང་། དར་མདོ་གྲོང་ཁྱེར། ལྕགས་ཟམ་རྫོང་བཅས་གཞི་རིམ་གྱི་ལས་ཡུལ་དང་པོར་ཕེབས་ནས་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། མི་རིགས་ཆོས་ལུགས་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་རེད།

ཀྲའོ་ཅུན་མིང་གིས་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་དྲིལ་བསྒྲགས་སྒྲོལ་འགྲེལ་དང་ལག་ལེན་མཐར་ཕྱིན་བསྟར་རྒྱུར་མུ་མཐུད་དེ་དམ་འཛིན་ཡག་པོ་བྱེད་པ་དང་། དཀར་མཛེས་ཁུལ་གྱི་དོན་དངོས་ལ་གཞི་ཚུགས་ཏེ་དྭངས་གཙང་ནུས་རྒྱུ་དང་ཁྱད་ལྡན་ཞིང་འབྲོག་ལས། རིག་གནས་ཡུལ་སྐོར་བཅས་ཀྱི་དོན་ཆེན་གསུམ་སྤྱི་འདོམས་ཡག་པོ་བྱས་ནས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཧུར་ཐག་བསྒྲུབ་དགོས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བར་ཡུལ་སྡེ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་ཐད་ཤུགས་རྒྱག་པ་དང་། ཤར་ནུབ་རྒྱུད་ཀྱི་རོགས་ལས་དང་ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་བོད་སྐྱོར། མཐིལ་འདེགས་རང་བཞིན་གྱི་རོགས་སྐྱོར་སོགས་ཕྱོགས་ཁག་གི་སྟོབས་ཤུགས་སྤྱི་འདོམས་བེད་སྤྱོད་ཡག་པོ་བྱེད་པ། ལེགས་ལྡན་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། དམངས་གཉེར་ཁེ་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། གྲོང་སྡེའི་ཐུན་མོང་དཔལ་འབྱོར་སྟོབས་ཆེར་གཏོང་བ་བཅས་བྱ་དགོས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཉེན་མེད་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ཤེས་རྟོགས་བྱུང་བའི་གནད་དོན་དག་ཐེར་ཏན་ཏིག་བྱེད་པ་དང་། དཔེ་བཞག་རིགས་འགྲེའི་སྒོ་ནས་སྐྱེ་ཁམས་སླར་གསོ་དང་ཁོར་ཡུག་སྲུང་སྐྱོང་དམ་འཛིན་ཡག་པོ་བྱ་དགོས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་འཐུས་ཚང་དང་ཡང་དག། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཆང་བའི་གཙོ་རྐང་རྒྱུན་འཁྱོངས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པ་དང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ། བོད་འབྲེལ་ཁུལ་དང་རྫོང་གི་ཕུན་སུམ་ཚོགས་པའི་གསར་བརྗེའི་རིག་གནས་ཐོན་ཁུངས་སྔོག་འདོན་དང་དྲིལ་བསྒྲགས་གཏིང་ཟབ་བྱེད་པ། མི་རིགས་ཁག་བར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་ངོས་འཛིན་གཅིག་མཐུན་ཡོང་བར་བྱ་དགོས་པ་བཅས་ནན་གསུང་གནང་བ་རེད།།

(བདེ་སྐྱིད་ཀྱིས་བསྒྱུར།)