国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བྲག་མགོ་རྫོང་གིས་སྐྱེ་ཁམས་ཡུལ་སྐོར་གྱི་གླུ་དབྱངས་སྙན་མོ་ལེན།

འཆམ་མཐུན་མཛེས་སྡུག་ལྡན་པའི་་གྲོང་གསེབ།

ལྷོད་ལྷོད་དུ་འཁྱིལ་བའི་མཁར་གསར་མཚོ་མོ་དང་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་། གྲལ་ཏུ་བསྟར་བའི་ཡུལ་མིའི་སྡོད་ཁང་སོགས་མཛེས་སྡུག་ཡིད་དབང་འཕྲོག་པའི་གྲོང་གསེབ་ཀྱི་རི་མོའི་བཀོད་པ་ལྟ་ན་སྡུག་ཅིང་། ད་ཆའི་བྲག་མགོ་རྫོང་མཚོ་འགོ་ཡུལ་ཤོག་མཁར་གསར་གྲོང་ཚོ་ནི་གནམ་སྔོ་ཞིང་ཆུ་དྭངས་ལ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་ཞིག་ཆགས་ཡོད།

ཉེ་བའི་ལོ་ཤས་རིང་། བྲག་མགོ་རྫོང་གིས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་ལེན་བསྟར་བ་དང་། ཆུ་བོ་དང་མཚེའུ་དཔོན་ལམ་ལུགས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་ནན་ཏན་བྱས་ཏེ་ལྗང་མདོག་འཕེལ་རྒྱས་ཀྱི་འགྲོ་ལམ་ལག་ལེན་ནུས་ལྡན་ངང་སྤེལ་ནས་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བའི་སྐྱེ་ཁམས་ཡུལ་སྐོར་གྱི་གླུ་དབྱངས་སྙན་མོ་ལེན་བཞིན་ཡོད།

ཉེ་ཆར། དཀར་མཛེས་མཉམ་འདྲེས་འཕྲིན་སྦྱོར་བཅར་འདྲི་ཚོགས་པ་ལྔ་པས་བྲག་མགོ་རྫོང་ཐོག་ནས་རླངས་འཁོར་ལ་བསྡད་ན་ལམ་ཐག་སྐར་མ་ལྔ་བཅུ་ལྷག་ཡོད་པའི་ཀྱག་ཀྱོག་གི་གཞུང་ལམ་བརྒྱུད་དེ་མཁར་གསར་མཚོའི་ལྗོངས་ཁུལ་དུ་སླེབས་པ་ན། དྭངས་ཤིང་གཙང་བའི་མཚོ་མོའི་གཞུང་ལ་གནམ་སྔོན་པོ་དང་སྤྲིན་དཀར་པོའི་ལྡོག་གཟུགས་ལས་མཛེས་སྡུག་ལྷ་ཡུལ་ལྟ་བུའི་རི་མོ་ཞིག་གསར་འགོད་པའི་མིག་མདུན་དུ་འཆར་ཡོང་།

མཁར་གསར་མཚོ་དེ་བྲག་མགོ་རྫོང་མཚོ་འགོ་ཡུལ་ཤོག་མཁར་གསར་གྲོང་ཚོར་གནས་པ་དང་། དེ་ནི་སི་ཁྲོན་ནུབ་བྱང་རྒྱུད་ལམ་གྱི་ཆུ་བྱ་འཚོ་ཁུལ་ཆེ་ཤོས་ཤིག་ཡིན་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ1.92ཡོད། དཔེ་མཚོན་གྱི་མཐོ་སྒང་གི་ཚྭ་མེད་མཚེའུ་ཞིག་ཡིན་པ་དང1999ལོར“ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ”ཞེས་མིང་བཏགས་པ་རེད།

མཁར་གསར་མཚོ་ཡི་དམིགས་བསལ་གྱི་ལེགས་ཆས་བྲག་མགོའི་མི་སེར་གྱི་ཡོང་འབབ་ཇེ་མང་གཏོང་བ་དང་། སྐྱེ་ཁམས་ལ་བརྟེན་ནས་མི་སེར་དེ་བས་མང་བར་ཕན་ཐོགས་པ་ནི་བྲག་མགོ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་བསམ་གཞིགས་ཧུར་ཐག་བྱེད་པའི་གནད་དོན་ཞིག་རེད། དེ་ལྟར་དཔྱད་བསྡུར་ཡང་ཡང་དང་འཚོལ་ཞིབ་ལག་ལེན་བཅས་བྱས་རྗེས་ཐུན་མོང་གི་ངོས་འཛིན་ཞིག་རིམ་བཞིན་ཆགས་པ་སྟེ་སྐྱེ་ཁམས་ནི་མཁར་གསར་གྲོང་ཚོར་མཚོན་ན་ཁྱད་དུ་འཕགས་པའི་ལེགས་ཆ་ཞིག་ཡིན་པས། བྲག་མགོ་རྫོང་གིས་རང་མོས་ཀྱིས་གོ་སྐབས་དམ་འཛིན་བྱས་ནས་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱས་ཏེ་ཐོན་ལས་འཕེལ་རྒྱས་ཀྱི་གཞི་རྟེན་དུ་བྱེད་པ་དང་། འཕེལ་རྒྱས་ཀྱི་དམིགས་ཚད་གཏན་འཁེལ་བྱེད་པ། ཤུགས་ཆེན་པོས་སྐྱེ་ཁམས་རིག་གནས་ཡུལ་སྐོར་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་ལམ་རྒྱུད་ཀྱི་མཛེས་ལྗོངས་ཁུལ་སྦྲེལ་མཐུད་བྱུང་ནས“ཡུལ་སྐོར་དང་སྐྱེ་ཁམས”འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་ཡོད། 2023ལོའི་སྤྱི་ཟླ9པར། ཆུ་གཉིས་ལྗོངས་ཁུལ་གྱི་རྣམ་གྲངས་དངོས་སུ་ལག་ལེན་བསྟར་འགོ་ཚུགས་པ་རེད། དེའི་ནང་དུས་ཐེངས་དང་པོའི་ལས་གཞི་ནི་མཚོ་འགོ་ཡུལ་ཤོག་མཁར་གསར་གྲོང་ཚོའི་གྲོང་མིའི་འཚོ་སྡོད་ཀྱི་ཁོར་ཡུག་བཅོས་སྒྲིག་དང་། སྤྱི་ཕན་རང་བཞིན་གྱི་རྨང་གཞིའི་སྒྲིག་བཀོད་ཆུང་གྲས་འཛུགས་སྐྲུན། མཚོ་འགོ་ཡུལ་ཤོག་གི་ཞིང་ལས་ཐོན་རྫས་ཉོ་ཚོང་ལྟེ་གནས་འཛུགས་སྐྲུན་བཅས་ཚུད་པ་རེད། དུས་ཐེངས་གཉིས་པའི་འཛུགས་སྐྲུན་རྣམ་གྲངས་ནི་བྲག་མགོ་རྫོང་མཚོ་འགོ་ཡུལ་ཤོག་གི་ཞིང་ལས་ཡུལ་སྐོར་རིག་གནས་མཉམ་འདྲེས་ཀྱི་ཐོན་ལས་མཐོར་འདེགས་འཛུགས་སྐྲུན་ལས་གཞི(འཕྱི་བའི་གནས་ཚང)དང་། མཁར་གསར་མཚོའི་སྐྱེ་ཁམས་གྱང་ར་དང་ཞིང་ལས་ཡུལ་སྐོར་རིག་གནས་མཉམ་འདྲེས་ཀྱི་ཐོན་ལས་མཐོར་འདེགས་འཛུགས་སྐྲུན་རྣམ་གྲངས(རྐང་ཐང་བགྲོད་ལམ། ལྗོངས་གཟིགས་སྟེགས་བུ། སྒར་སྡོད་སྟེགས་བུ་འཛུགས་སྐྲུན)ཚུད་པ་རེད།

ཆུ་གཉིས་ལྗོངས་ཁུལ་ནི་གཤིས་ཆུ་དང་ཟླ་ཆུ་འགྲམ་རྒྱུད་ཀྱི་ཡུལ་ཤོག་དང་གྲོང་རྡལ་དགུས་བསྐྲུན་པའི་ལམ་ཐིག་ཆེན་པོའི་མཛེས་ལྗོངས་ཁུལ་ཞིག་ཡིན། མཚོ་དང་མཚེའུ། གངས་རི། ནགས་ཚལ་སོགས་རང་བྱུང་ཐོན་ཁུངས་དང།ཐང་ག་དང་རྫ་ནག་སོགས་མིའི་རིག་ཐོན་ཁུངས་གཞི་གཅིག་ཏུ་སྡེབ་པའི་ཡུག་སྦྲེལ་བསམ་ཕྱོགས་ལ་བརྟེན་ནས་མཁར་གསར་གྲོང་ཚོ་དང་དེའི་ཉེ་འཁོར་ས་ཁོངས་རིམ་བཞིན་གཏོད་རྒྱུ་ཡིན་ལ། མིག་སྔར་དུས་ཐེངས་དང་པོར་མཁར་གསུམ་གྲོང་ཚོའི་མིའི་འཚོ་སྡོད་ཀྱི་ཁོར་ཡུག་བཅོས་སྒྲིག་དང་ལས་གཞིའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཕལ་ཆེར་གྲུབ་ཚར་བ་རེད། དུས་ཐེངས་གཉིས་པར་མཚེའུ་སྐོར་སྐྱེ་ཁམས་བར་ཁྱམས་དང་སྡོད་གནས་སྒྲིག་བཀོད་རིམ་བཞིན་བསྐྲུན་ནས་ཡུལ་སྐོར་བ་ཚོར་མྱོང་ཚོར་དེ་བས་ལེགས་པོ་ཐེབས་ངེས་རེད་ཅེས་ཆུ་གཉིས་ལྗོངས་ཁུལ་གྱི་ལས་དོན་མི་སྣ་རབ་གསལ་ཟླ་བས་གསར་འགོད་པར་དེ་ལྟར་བཤད།

ད་ལོའི་སྤྱི་ཟླ7པ་ནས་བཟུང་མཁར་གསར་མཚོའི་ལྗོངས་ཁུལ་གྱིས་མི10000ལྷག་ལ་སྣེ་ལེན་ཞུས་ནས་ཡོང་འབབ་སྒོར21070ཐོབ་ཡོད།

རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་ཞེས་པ་ང་ཚོའི་ས་ཆ་འདིར་མཚོན་ན་ཆེས་མིང་དོན་མཚུངས་པ་ཞིག་རེད། སྔོན་གྱི་མཁར་གསར་གྲོང་ཚོ་ནི་དབུལ་པོ་དང་རྗེས་ལུས་ཞིག་ཡིན། ད་ཆར་གནམ་ས་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། རིག་གནས་ཐང་ཆེན་དང་ཞིང་ལས་ཐོན་རྫས་རིག་གནས་ཉོ་ཚོང་ལྟེ་གནས་སོགས་བསྐྲུན་པར་མ་ཟད། ཆུ་གཞུང་གཉིས་ཀྱི་རྣམ་གྲངས་བསྐྲུན་ནས་གྲོང་ཚོའི་སྲོལ་རྒྱུན་ཞིང་དུད་ཀྱི་སྒོ་ར་དེ་གྲོང་མིའི་སྤྲོ་གསེང་རོལ་རྩེད་གླིང་དུ་བསྒྱུར་བ་དང་། སྲོལ་རྒྱུན་གྱི་ཞིང་ལས་ཐོན་སྐྱེད་ཁུལ་དེ་ཕྱི་ནས་ཡོང་བའི་ཡུལ་སྐོར་བས་རང་བྱུང་ཁམས་དང་ཉེར་བཅར་དང་ཞིང་སྡེའི་མཛེས་ལྗོངས་ལ་ལོངས་སྤྱོད་ཐུབ་པའི་ཉམས་ལེན་ཁུལ་དུ་གྱུར་ནས་ཞིང་པ་རྣམས་ཀྱང་ཡུལ་སྐོར་ལས་རིགས་གཉེར་མཁན་དུ་གྱུར་ཡོད་པ་རེད་ཅེས་མཁར་གསུམ་གྲོང་ཚོའི་བཅའ་སྡོད་ལས་བྱེད་པས་དེ་ལྟར་བཤད།

ད་ཆར། མཁར་གསར་གྲོང་ཚོས་དཔལ་འབྱོར་སྐྱེད་སྲིང་དང་འཕེལ་རྒྱས་ཤུགས་ཆེར་གཏོང་བ་དང་ཆབས་ཅིག་ཏུ་བྱ་སྤྱོད་དངོས་ལ་བརྟེན་ནས་མང་ཚོགས་ཉེ་འགྲམ་གྱི་མངོན་གསལ་དོད་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་གཅིག་སྡུད་ཐོག་འགག་སྒྲོལ་བྱེད་པ་དང་སྤུས་ལེགས་ཀྱི་སྐྱེ་ཁམས་ཐོན་རྫས་དེ་བས་མང་བ་མཁོ་འདོན་བྱས་ཏེ་མང་ཚོགས་ཀྱིས་རི་སྔོ་ཆུ་དྭངས་ཀྱི་ཁྲོད་ནས་རང་བྱུང་གི་མཛེས་སྡུག་དང་། ཚེ་སྲོག་གི་མཛེས་སྡུག། འཚོ་བའི་མཛེས་སྡུག་བཅས་ལོངས་སུ་སྤྱོད་ཐུབ་པར་བྱུང་ཡོད། ཉེ་བའི་ལོ་ཤས་རིང་། མཁར་གསར་གྲོང་ཚོས་སྤྱི་ཚོགས་ཕྱོགས་ཡོངས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་ཏང་མི་དང་བླངས་སྐོར་སྲུང་རུ་ཁག་དང་། བུད་མེད་དང་བླངས་དྲིལ་བསྒྲགས་རུ་ཁག། ཆུ་བོ་དང་མཚེའུ་ཡི་གཙང་སྦྲ་རུ་ཁག་བཅས་བཙུགས་ཏེ་དོ་དམ་སྲུང་སྐྱོང་གི་རྣམ་པ་གསར་གཏོད་བྱས་ནས་ཆུ་བོ་དང་མཚེའུ་དོ་དམ་སྲུང་སྐྱོང་དེང་རབས་ཅན་དང་ཚད་ལྡན་ཅན། ལམ་ལུགས་ཅན་བཅས་སུ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད། དེ་དང་ཆབས་ཅིག་ཏུ་གྲོང་ཚོས་གཙང་པོ་དང་མཚེའུ་དོ་དམ་སྲུང་སྐྱོང་གི་སྐུལ་ལྕག་མ་དངུལ་དང་ཚོང་ཁང་མཉམ་འབྲེལ་གྱིས་ཡུལ་སྲོལ་ཤེས་དཔལ་སྒོ་རྩིས་ཚོང་ཁང་བཙུགས་ཏེ་ཆུ་བོ་དང་མཚེའུ་དོ་དམ་སྲུང་སྐྱོང་དང་བཅོས་སྒྲིག་ནང་ཧུར་ཐག་ཞུགས་མཁན་གྱི་ཡུལ་མིར་བྱ་དགའ་སྤྲད་ནས་མང་ཚོགས་ཆུ་བོ་དང་མཚེའུ་སྲུང་སྐྱོང་བྱེད་པར་ཞུགས་པའི་ཧུར་སེམས་སྐུལ་སློང་བྱས་ཡོད།

ཡུལ་སྐོར་ཐོན་ལས་དང་ཞིང་ལས་ཐོན་ལས་མཉམ་དར་བྱ་རྒྱུ་དེ་བྲག་མགོ་རྫོང་གི་ཡུལ་སྐོར་འཕེལ་རྒྱས་ཀྱི་ཤུགས་རྒྱག་སར་གྱུར་ཡོད། སྟོན་ཟླ་འཇམ་པོའི་དུས་ཚིགས་འདིར་ཏ་ཀྲོའུ་ནས་ཡོང་བའི་ཡུལ་སྐོར་བ་ཁྲེང་ཝེ་ཝེ་གྲོགས་པོ་ཚོ་དང་མཉམ་དུ་འདི་གར་ཡོང་ནས་སྟོན་རླུང་འཇམ་པོ་དང་མཐོ་སྒང་གི་སྟོན་ལྗོངས་སོགས་ཀྱིས་ཁོ་ཚོའི་སེམས་པར་སྤྲོ་སྐྱིད་སྟེར་ཞིང་། ཁྲེང་ཝེ་ཝེ་ཡིས་ས་ཆ་འདིའི་ཡུལ་ལྗོངས་ཧ་ཅང་མཛེས་པོ་འདུག། ལྗོན་ཤིང་སྔོ་ཞིང་སྟུག་པ། མཚེའུ་དྭངས་ཤིང་གཙང་ལ། མཁའ་རླུང་གཙང་ཞིང་དྭངས་པས་གུང་གསེང་གཏང་ས་དང་སྒར་བརྒྱབ་སྤྲོ་འཆམ་ལ་ཧ་ཅང་འཚམ་པོ་འདུག། ང་ཚོ་འདི་གར་ཉིན་ཁ་ཤས་སྡོད་རྩིས་ཡོད། འདི་གའི་རང་བྱུང་ཁམས་ཀྱི་མཛེས་སྡུག་ལ་ལྟད་མོ་ཡག་པོ་ཞིག་ལྟ་རྒྱུ་ཡིན་ཞེས་བཤད།

གྲོང་ཚོའི་མཛེས་སྡུག་གིས་ཡུལ་མི་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་པ་དེ་ནི་མཁར་གསར་གྲོང་ཚོར་མཚོན་ན་བལྟས་བལྟས་རིག་རིག་གི་འགྱུར་ལྡོག་ཅིག་རེད། མཁར་གསར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བཀྲ་ཤིས་བསྟན་འཛིན་གྱིས་དགའ་ཚོར་ཆེན་པོས་དེ་སྔ་ང་ཚོ་གྲོང་ཚོའི་ཁོར་ཡུག་ནི་བཙོག་ཟིང་ཞན་གསུམ་ཅན་ཞིག་ཡིན། བཅོས་སྒྲིག་ཤུགས་ཆེན་བྱས་པ་བརྒྱུད་གྲོང་ཚོའི་ཁོར་ཡུག་གཙང་ལ་གྲལ་འགྲིག་པ་དང་གོ་རིམ་ལྡན་པ་ཞིག་ཆགས་ཡོད། ཞིང་པ་མང་ཚོགས་ཀྱི་ཁོར་ཡུག་འཕྲོད་བསྟེན་འདུ་ཤེས་ཀྱང་ཇེ་མཐོ་རུ་སོང་ནས་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ད་ཆ་གྲོང་ཚོའི་ཡུལ་མི་མི་ཉུང་བ་ཞིག་གིས་ཡུལ་མིའི་གནས་ཚང་འཛུགས་རྩིས་བྱེད་ཀྱིས་ཡོད་ཅེས་བཤད། ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་ཚོའི་ནང་དང་ཐོག་གནས་ཚང་བཙུགས་མཁན་བཀྲ་ཤིས་བསྟན་འཛིན་ལ་ད་ལོར་ཡོང་འབབ་ཡག་པོ་ལོན་པ་དང་། གྲོང་ཚོའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་ཀྱང་ཡག་པོ་ཞིག་བགོད་རྒྱུ་ཡོད་པས། བཀྲ་ཤིས་བསྟན་འཛིན་དང་གྲོང་མི་ཚོ་བློ་ཡིད་ཚིམ་པོ་བྱུང་ཞིང་། ཁོས་ཕྱི་རུ་ལས་ཀར་སོང་བ་ལས་རང་ཁྱིམ་གྱི་སྒོ་འགྲམ་དུ་གནས་ཚང་གཉེར་བས་བཟང་འདུག། གྲོང་ཚོའི་ཡུལ་སྐོར་འཕེལ་རྒྱས་འགྲོ་ཚུལ་ལ་བལྟས་ན། ཕྱིན་ཆད་ཀྱི་འཚོ་བ་ཇེ་ལེགས་སུ་འགྲོ་ངེས་རེད་ཅེས་བརྗོད་པ་རེད།

ཆུ་གཉིས་ལྗོངས་ཁུལ་གྱི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ཡུལ་དེ་གའི་མང་ཚོགས་ལ་ཕན་པ་ཐོབ་མཁན་ད་དུང་མི་ཉུང་བ་ཞིག་ཡོད་པ་རེད། མཁར་གསར་གྲོང་ཚོའི་ལོ32ལ་སླེབས་པའི་ཡུལ་མི་བསོད་རྒྱལ་གྱིས2023ལོར་ཁྱིམ་དུ་ལག་ཤེས་ཐོན་རྫས་བཟོ་ཁང་ཞིག་བཙུགས་འགོ་ཚུགས་པ་རེད། ལོ་གཅིག་རིང་ལྗོངས་ཁུལ་གྱི་རིམ་པ་མཐོར་འདེགས་བཏང་བ་དང་ཁོའི་ཐོན་རྫས་ལ་ཡུལ་སྐོར་བས་དགའ་བསུ་ཆེན་པོ་ཐོབ་པས་ཚོང་ཉིན་རེ་བཞིན་ཇེ་ཡག་ཏུ་ཕྱིན་ཡོད།

ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཕྱིན་པ་བསྟུན་ནས་ང་ཚོའི་ཁྱིམ་གྱི་འཚོ་བ་ཡང་ལེགས་སུ་ཕྱིན་པར་མ་ཟད། ཡོང་འབབ་ཀྱང་ཉིན་རེ་བཞིན་ཇེ་མང་དུ་འགྲོ་ཐུབ་པ་རེད། ད་ཆ་ནོར་བུ་དགོས་འདོད་ཀུན་འབྱུང་ལྟ་བུའི་མཁར་གསར་མཚོ་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུའི་འོས་འགན་ཕྲག་ཏུ་ཁུར་ནས་འབྱུང་འགྱུར་གྱི་མཛེས་སྡུག་ལྡན་པའི་འཚོ་བར་ཡིད་ཆེས་ཀྱིས་ཁེངས་ཤིང་།གྲོང་ཚོ་དེ་བས་འཕེལ་རྒྱས་འགྲོ་བ་དང་རང་ཉིད་ཀྱི་བརྩམས་ཆོས་ལ་མི་དེ་བས་མང་པོས་དགའ་བསུ་ཐོབ་པར་རེ་བ་ཡོད་ཅེས་བཤད།

ལྗོངས་ཁུལ་འཕེལ་རྒྱས་གཏོང་བའི་ཁྲོད་ཞབས་ཞུར་བརྟེན་ནས་ཡུལ་སྐོར་བའི་ཡིད་འགུག་ཐུབ་པ་བྱ་རྒྱུ་ནི་དུས་ཡུན་རིང་ལ་བརྒྱུད་རིམ་ལྡན་པའི་ལས་གཞི་ཞིག་རེད། ཆུ་གཉིས་ལྗོངས་ཁུལ་གྱི་གནས་སྐབས་དོ་དམ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་ཕྱིན་ཆད་རྒྱལ་ཁབ་ཀྱིA4རིམ་པའི་ཡུལ་སྐོར་ལྗོངས་ཁུལ་གཏོད་རྒྱུར་དམིགས་ཚད་དུ་བྱས་ཏེ་སྤྱི་ལེ2.5ཡོད་པའི་མཚོ་སྐོར་རྐང་ཐང་བགྲོད་ལམ་དང་ལྗོངས་གཟིགས་སྟེགས་བུ་བསྐྲུན་པར་མ་ཟད། སྐྱེ་ཁམས་གསང་སྤྱོད། རིག་ནུས་ཚོང་ཁང་སོགས་བཀོད་སྒྲིག་བྱས་ཏེ་ཕྱོགས་གཅིག་ནས་ཐོན་ལས་འཕེལ་རྒྱས་ལ་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་སྐྱེ་ཁམས་སྲུང་སྐྱོང་ལ་དམ་འཛིན་བྱས་ཏེ་རིག་གནས་བསྐྱར་སྐྱེས་ཀྱིས་མིའི་རིག་ཐོན་ཁུངས་ལ་སྣེ་ཁྲིད་བྱས་ཏེ། བྲག་མགོའི་ས་ཁོངས་ཀྱི་འགྲན་རྩོད་ནུས་པ་དང་ཡིད་དབང་འཕྲོག་ཤུགས་ཆེ་རུ་བཏང་བ་དང་སི་ཁྲོན་ནུབ་རྒྱུད་ཀྱི་ཡུལ་སྐོར་ལམ་ཐིག་ཆེན་མོ་དང་འདྲེས་ནས་ཡུལ་སྐོར་གྱི་ལྷུ་ཚིགས་གལ་ཆེན་ཞིག་ཏུ་འགྱུར་བ་བྱ་རྒྱུ་དང་། རིག་གནས་དང་ལྟད་མོ། ཉམས་ལེན། དམངས་སྲོལ་བཅས་ཟུང་དུ་འབྲེལ་བའི་གཏན་སྲོལ་ཅན་གྱི་ཡུལ་སྐོར་ལྗོངས་ཁུལ་བཏོད་རྒྱུ་ཡིན་ཞེས་བཤད།

མ་འོངས་པར་བྲག་མགོ་རྫོང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་དཔལ་འབྱོར་འཛུགས་སྐྲུན་ནང་བཞག་ནས་སྲུང་སྐྱོང་ཁྲོད་འཕེལ་རྒྱས་གཏོང་བ་དང་འཕེལ་རྒྱས་ཁྲོད་མཛེས་མཆོར་སྤྲས་ཏེ་རང་བྱུང་ཁམས་ལ་དད་བཀུར་དང་སྐྱེ་ཁམས་སྲུང་སྐྱོང་གི་བྱེད་ཐབས་དེ་མཚོ་འགོ་ཡུལ་ཤོག་མཁར་གསར་གྲོང་ཚོའི་སྐྱེ་ཁམས་ཡུལ་སྐོར་གྱི་ལས་དོན་ཚང་མར་འབྲེལ་ནས་རི་སྔོ་ཆུ་དྭངས་ཀྱི་སྐྱེ་ཁམས་མཛེས་སྡུག་ལྡན་པ་ཞིག་བསྐྲུན་རྒྱུ་རེད།།

(སྐལ་བཟང་རྒྱ་མཚོས་བྲིས།)