国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཨ་ཕ་མེད་པའི་འཇིག་རྟེན་ན། ང་ནམ་ཡང་ཁེར་རྐྱང་ཡིན།

བཀའ་དྲིན་བརྗེད་ཐུབ་མེད་པའི་ངའི་འདས་སོང་གི་ཨ་ཕ།

སྐུ་དྲིན་གཞལ་མཐའ་བྲལ་བའི་ངའི་འདས་སོང་གི་ཨ་ཕ།

ཁྱེད་རང་ད་ལྟ་གང་དུ་བཞུགས།

ཨ་མའི་ངོ་གདོང་གཉེར་མས་གཡོགས་ཏེ།

སྐྲ་ལོ་དཀར་པོར་གྱུར་ཚེ།

ངས་ཁྱེད་རང་ལྷག་ཏུ་དྲན་འོང་།

འདི་ལྟར།

ཁ་སང་དེ་རིང་ཞིབ་འདང་རེ་བརྒྱབ་ན།

ཁྱེད་རང་འཇིག་རྟེན་སྟེང་གནས་པའི་སྐབས་སུ།

ངས་ཞབས་ཏོག་ཅི་ཡང་མ་ནུས་ཤིང་།

སེམས་ཁུར་གང་མང་གཏད་མྱོང་།

ད་ནི།

གློ་བུར་དུ་ཁྱེད་རང་གཤེགས་པའི་ཚེ་ནའང་།

ངས་ནམ་ཡང་ཁྱེད་རང་བརྗེད་པ་མེད་པར།

སྐྱ་ཐེར་ཐེར་གྱི་འཇིག་རྟེན་ནས།

ངས་ངོ་གདོང་མཆི་མས་བརླན་ཏེ།

ཁྱེད་རང་རྗེས་དྲན་བྱེད་ན་འདོད།

གྲང་ཤུར་ཤུར་གྱི་འཇིག་རྟེན་ནས།

ངས་སྐྱོ་བའི་སྨྲེ་ངག་འདོན་བཞིན།

ཁྱེད་རང་རྗེས་དྲན་བྱེད་ན་འདོད།

འུར་ཟིང་ཟིང་གི་འཇིག་རྟེན་ནས།

ངས་ཐ་སྙད་དང་ཚིག་གྲུབ་མཐུད་བཞིན།

སྙན་ངག་གི་རྗེས་དྲན་བྱེད་ན་འདོད།

གང་ལྟར། ཨ་ཕ་ལགས།

ཁྱོད་མེད་པའི་འཇིག་རྟེན་ན། ང་ནམ་ཡང་ཁེར་རྐྱང་ཡིན།