国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཧྲེན་དབྱང་གིས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་སྤྲད་པའི་ཡིག་བསྐུར་ངོ་བཅར་ཐེར་ཞུ་བསྒྲུབས་ཚུལ་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་སྐབས།

དངོས་ཐོག་བདེན་འཚོལ་དང་ཞིབ་བཤེར་ནན་ཏན། བསྐུལ་ཞོར་བཅོས་ཞོར་བཅས་བྱས་ཏེ། ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ལེགས་སུ་ཡོང་བ་བྱ་དགོས་ཞེས་གསུངས།

ཧྲེན་དབྱང(གཡས་ཀྱི་གསུམ་པ)གིས་ཁུལ་རང་བྱུང་ཐོན་ཁུངས་འཆར་འགོད་ཅུས་སུ་མང་ཚོགས་ཀྱི་ཡིག་བསྐུར་ངོ་བཅར་ཐེར་ཞུའི་གནད་དོན་ཐག་གཅོད་བྱས་ཚུལ་ལ་ལྟ་ཞིབ་གནང་བཞིན་པ།

སྤྱི་ཟླ11ཚེས1ཉིན།ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དར་མདོ་གྲོང་ཁྱེར་དུ་ཕེབས་ནས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོ་ཆུང་གསུམ་པས་སྤྲད་པའི་ཡིག་བསྐུར་ངོ་བཅར་ལས་དོན་སྤེལ་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོ་ཆུང་གི་ལས་ཀའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་།ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོ་དང་དངོས་ཐོག་བདེན་འཚོལ་གྱི་རྣམ་འགྱུར་ཐོག་ནས་འབྲེལ་ཡོད་གནས་ཚུལ་ཞིབ་དཔྱད་ནན་ཏན་བྱས་ཏེ་གོ་མ་ཐག་བཅོས་པ་དང་། འཕྲལ་སྤེལ་འཕྲལ་བཅོས། བསྐུལ་ཞོར་བཅོས་ཞོར་བཅས་བྱས་ནས་ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ལེགས་སུ་ཡོང་བ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

དར་མདོ་གྲོང་ཁྱེར་གྱི་གཉའ་རྒྱབ་སྒང་ཕུག་ལམ་ནང་འདྲེན་གྱི་འདྲེས་སྦྱོར་ས་ཚིགས་སུ་ཧྲེན་དབྱང་གིས་ཡུལ་དངོས་སུ་ཡིག་བསྐུར་ངོ་བཅར་གྱི་གནད་དོན་ལ་ལྟ་ཞིབ་དང་།གནས་ཚུལ་འདྲི་རྩད་དང་ཞིབ་དཔྱད་གནང་བར་མ་ཟད།དར་མདོ་གྲོང་ཁྱེར་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་དང་ཁེ་ལས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཅས་དང་མཉམ་དུ་ཐག་གཅོད་ཇུས་གཞིར་ཞིབ་འཇུག་གནང་བ་རེད།

ཧྲེན་དབྱང་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་དང་ཁུལ་རང་བྱུང་ཐོན་ཁུངས་འཆར་འགོད་ཅུས་སུ་ཕེབས་ནས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོ་ཆུང་གསུམ་པས་སྤྲད་པའི་ཡིག་བསྐུར་ངོ་བཅར་ཐེར་ཞུའི་གནད་དོན་ཐག་གཅོད་བྱས་ཚུལ་དང་འབྲེལ་ཡོད་ལས་དོན་སྤེལ་ཚུལ་གྱི་སྙན་སེང་ནན་ཏན་ངང་གསན་པ་དང་། ཉེ་དུས་རིང་ལས་དོན་འཕེལ་རིམ་ལ་ཁས་ལེན་གང་ལེགས་གནང་ཞིང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་སྒྲུབ་མཁན་བློ་མཐུན་ཚོར་ཐུགས་རྗེ་ཆེ་ཞུས་པ་རེད། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ཆབ་སྲིད་རང་བཞིན་དང་། གཟབ་ནན་རང་བཞིན། གལ་ཆེའི་རང་བཞིན་བཅས་ལ་ངོས་འཛིན་ཡང་དག་བྱས་ནས་ལྟ་ཞིབ་ཚོ་ཆུང་གི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་དང་། ཚད་གཞི་མཐོན་པོ་དང་བླང་བྱ་ནན་པོ་རྒྱུན་འཁྱོངས་ཤིང་། དངོས་དངོས་རྗེན་རྗེན་དང་མཁྲེགས་སར་གཏུག་ཕོད་པར་བྱས་ནས་ལྟ་ཞིབ་ཚོ་ཆུང་གིས་བརྒྱུད་སྒྲུབ་བྱས་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཏེ། མང་ཚོགས་ཀྱི་རེ་ཞུ་དང་སྤྱི་ཚོགས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་ཨ་ལན་སློག་ནས་བྱ་བ་ཚང་མ་དོན་འཁྱོལ་ཐུབ་པ་དང་ཡིག་སྐུར་ཚང་མར་ལན་ཡོད་པ་བྱ་དགོས་པའི་བླང་བྱ་བཏོན་ཡོད་རེད།

ཁུལ་གྱི་མགོ་ཁྲིད་ཏེང་ལི་ཅུན་དང་ཡོན་མིང་ཀོང་། ཡན་ལེ། ཧོ་ཞའོ་ཕིང་བཅས་དང་།དར་མདོ་གྲོང་ཁྱེར་དང་ཁུལ་རང་བྱུང་ཐོན་ཁུངས་འཆར་འགོད་ཅུས། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས། ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས། ཁུལ་ནགས་ལས་དང་རྩྭ་ཐང་ཅུས་སོགས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ལྟ་སྐུལ་མཛུབ་ཁྲིད་ནང་ཞུགས་པ་རེད།།

( ལྷ་འཛོམས་ཀྱིས་བསྒྱུར།)