国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རྡོ་ལོ་ཡུལ་ཤོག་གིས་ལུག་མིག་མེ་ཏོག་སེར་པོ་ཚོད་འདེབས་བྱས་ཏེ་ལོ་ལེགས་བྱུང་།

ཡུལ་མི་ཚོ་ལུག་མིག་མེ་ཏོག་འཐུ་བར་བྲེལ་བཞིན་པ།

སྟོན་ཟླ་བཅུ་པ་ནི་བརྒྱད་ཟིལ་རྫོང་རྡོ་ལོ་དབྱིས་རིགས་ཡུལ་ཤོག་གིས་ལུག་མིག་མེ་ཏོག་སེར་པོ་འཐུ་བའི་དུས་ཡིན། ལུག་མིག་མེ་ཏོག་སེར་པོ་དེ་སྟོན་ཁའི་ཉི་འོད་འོག་བཀྲག་མདངས་རབ་ཏུ་འཚེར་ཞིང་དྲི་ཞིམ་གང་སར་ཁྱབ། ཉི་འོད་འོག་ཡུལ་མི་ཚོས་ལུག་མིག་མེ་ཏོག་སེར་པོ་འཐུ་བཞིན་ཞིང་དང་མུ་ཁར་ལོ་ལེགས་ཀྱི་རྣམ་པས་ཁེངས།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོར་རྡོ་ལོ་ཡུལ་ཤོག་གིས་ལུག་མིག་མེ་ཏོག་སེར་པོ་མུའུ12ཚོད་འདེབས་བྱས་པ་དང་སྔོན་དཔག་བྱས་ན་ཐོན་ཚད་བསྡོམས་འབོར་སྤྱི་རྒྱ5000ལ་ཟིན་རྒྱུ་རེད། མུའུ་རེ་ལ་ལུག་མིག་མེ་ཏོག་སྐམ་པོ་སྤྱི་རྒྱ500ཙམ་ཐོན་སྲིད་ལ་ཡོང་འབབ་སྒོར་ཁྲི10ལྷག་རག་རྒྱུ་རེད། རྡོ་ལོ་ཡུལ་ཤོག་ཏང་ཨུ་ཧྲུའུ་ཅི་གཞོན་པ།ཡུལ་ཤོག་གི་འགོ་འཛིན་ཧུའུ་ཞའོ་ཕིང་གིས“ལུག་མིག་མེ་ཏོག་སེར་པོ་དེ་དག་ནི་གྲོང་གསེབ་ལ་མཚོན་ན་མཛེས་ལྗོངས་ཞིག་ཡིན་པར་མ་ཟད། ཞིང་པས་དཀའ་སྤྱད་ངལ་རྩོལ་བྱས་པའི་གྲུབ་འབྲས་ཀྱང་ཡིན། ལུག་མིག་མེ་ཏོག་སེར་པོར་ལོ་ལེགས་འདི་འདྲ་བྱུང་བ་ནི་དེའི་འདེབས་གསོ་དང་ཞིང་ཁའི་དོ་དམ་བཅས་ཚན་རིག་དང་མཐུན་པའི་སྒོས་ལས་ཀ་བསྒྲུབས་པས་ཡིན། ལྷག་པར་དུ་ནད་འབུའི་གནོད་འཚེ་འགོག་བཅོས་ཐད་སྐྱེ་དངོས་འགོག་བཅོས་དང་དངོས་ལུགས་འགོག་བཅོས་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་ཞིང་སྨན་སྤྱོད་ཚད་ཉུང་དུ་བཏང་ནས་ལུག་མིག་མེ་ཏོག་གི་སྤུས་ཚད་དང་ཉེན་མེད་འགན་ལེན་ཐུབ་ཡོད་པ་རེད། དེ་དང་ཆབས་ཅིག་ས་གནས་དེ་གའི་ཞིང་པས་ལུག་མིག་མེ་ཏོག་འདེབས་འཛུགས་དང་དོ་དམ་ནང་ཞུགས་པ་བརྒྱུད་སྔོན་ཐོན་གྱི་ཞིང་ལས་ལག་རྩལ་ཤེས་རྟོགས་བྱུང་བར་མ་ཟད། ཁྱིམ་ཚང་གི་ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད་པ་རེད། བསྡོམས་རྩིས་རགས་རིམ་བྱས་པར་གཞིགས་ན། ཡུལ་ཤོག་དེའི་ལུག་མིག་མེ་ཏོག་འདེབས་འཛུགས་ནང་ཞུགས་མཁན་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར2000ལས་བརྒལ་བ་རེད”ཅེས་གསར་འགོད་པར་དེ་ལྟར་བཤད།

རྡོ་ལོ་ཡུལ་ཤོག་གི་ལུག་མིག་མེ་ཏོག་འདེབས་འཛུགས་ལེགས་གྲུབ་བྱུང་ནས་ས་གནས་དེ་གའི་ཞིང་ལས་འཕེལ་རྒྱས་ལ་ཐབས་ལམ་གསར་པ་བཏོད་ཡོད། མ་འོངས་པར་ཡུལ་ཤོག་དེས་ལུག་མིག་མེ་ཏོག་གི་འདེབས་ཁྱོན་མུ་མཐུད་ནས་ཆེ་རུ་གཏང་རྒྱུ་དང་།དེ་བས་མང་བའི་ཁྱད་ལྡན་ཐོན་ལས་ནང་འདྲེན་བྱས་ནས་ཞིང་ལས་ཀྱི་ཐོན་ལས་གྲུབ་ཆ་ལེགས་བསྒྱུར་དང་རིམ་སྤོར་ལ་སྐུལ་འདེད་གཏང་རྒྱུ་རེད། གཞན་ད་དུང་ཚན་ཞིབ་སྒྲིག་གཞི་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་ནས་ཞིང་ལས་ཐོན་རྫས་ཀྱི་ཚན་རྩལ་འདུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་ཞིང་པའི་འབབ་འཕར་ཕྱུག་འགྱུར་ལ་རྒྱབ་སྐྱོར་དེ་བས་མང་པོ་བྱ་རྒྱུ་རེད།།

( སྐལ་བཟང་རྒྱ་མཚོས་བསྒྱུར།)