དབྱར་ཟླ་སོང་རྗེས་སྟོན་རླུང་གིས་ངའི་སེམས་
པ་བསྒུལ་བྱུང་།
རྩྭ་རྩིའི་དྲི་ངད་ཀྱིས་སྣོམ་བྱེད་མ་མྱོས།
བྱ་བྱིའུ་གསུང་སྐད་ཀྱིས་བཟི་རུ་མ་བཅུག་གོང་ལ།
ཁྱོད་ནི་ག་སོང་ཆ་མེད་དུ་ཡལ་བའི་མགྲོན་པོ་ཞིག།
བེའུ་རྫི་རྣམ་དག་ཞིག་གིས་རྩྭ་ཐང་གི་གྲུ་ཟུར་
ཞིག་ན།
ཧེད་ཀྱིས་ལངས་ནས་ཁྱེད་རང་ལྷོ་རུ་སོང་ཟེར།
དེ་གར་ད་དུང་སྔོ་ལྗང་ལྗང་གི་གཡུ་ལོ་ཡོད།
ཁྲུང་ཁྲུང་སྐེ་རིང་དང་འདྲ་བའི་རི་སྒང་གི་ཉི་
འོད་ཀྱིས།
གསེར་མདོག་གི་ན་བཟའ་སྤྲས་ནས།
ཁྱེད་རང་ནུབ་དུ་བསྐྱོད་སོང་ཟེར།
དེ་གར་ད་དུང་ཞི་འཇམ་གྱི་ཉི་འོད་ཡོད།
སྒོ་རུ་དར་ཅན་གྱི་སྡེ་འདབས་རེ་ནས།
གཡང་སྟོང་ལྡན་ཅན་གྱི་གྲོང་ཚོ་རེ་ནས།
འབྲི་ཞོ་མངར་མོ་རེ་མྱངས་ནས།
ཁྱོད་གང་དུ་སོང་།
རྫི་བོས་འུར་ཆའི་འུར་རྡོ་དང་ལྷན་དུ་ཐག་
རིང་ཞིག་ཏུ་ལྷུང་ངམ།
འུར་རྡོ་འདིར་འདུག
ཁྱོད་གང་དུ་ཡོད།
གླུ་དབྱངས་ཀྱི་འགྱུར་ཁུག་ཁྲོད་ན་ཁྱོད་ཡོད་དམ།
དྭངས་བསིལ་གྱི་རྫ་ཆུའི་སྙིམ་དུ་ཁྱོད་ཡོད་དམ།
ས་གཞི་དང་སྐྱེ་དངོས་ཀྱི་གཡང་གིས་སྲུང་བའི།
རླུང་བུ་དང་གཟི་བྱིན་གྱི་དཔལ་དུ་འཁྱུད་པའི།
ཁྱོད་གང་དུ་ཡོད།
ཁུ་བྱུག་གིས་ཁྱོད་ཁྲིད་སོང་ངམ།
རྒྱང་བཞུད་ཀྱི་གྲོ་ཁ་བྱས་ནས་སོང་ཟིན་ནམ།
མ་བྲིས་ལྷུན་གྱིས་གྲུབ་པའི་ས་གཞི་འདིའི་
སྒང་ནས།
ཁྱོད་གང་དུ་ཆས་སོང་།
འདི་གར་གསེར་མདོག་གི་ལྭ་བ་ལུས་འདུག།
ང་ཚོ་ཡང་ལུས་འདུག།
འོན་ཀྱང་སྟོན་རླུང་གིས་ངའི་སེམས་པ་སྒུལ་བྱུང་།
༼ རྟ་མགྲིན་སྐྱབས། ༽