国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀར་མཛེས་ལུང་པའི་སྲོལ་རྒྱུན་གྱི་ཞིང་ལས་བྱེད་སྟངས་སུ་ལོ་གཅིག་གི་སོ་ནམ་ལས་ཀའི་མགོ་ནི་ལོ་སར་བཏང་རྗེས་ལུད་ཞིང་ནང་དུ་སྐྱ་བ་དང་པོ་ཐོ་རྡུང་བ་ནས་བཙུགས་པ་ཡིན། ཞིང་ནང་དུ་འདྲེན་པའི་ལུད་ལ་མི་ཡིས་སྡེབ་སྦྱོར་བྱེད་པའི་རྫས་འགྱུར་གྱི་ལུད་དང་སྒོ་ཕྱུགས་ཀྱི་གཅིན་སྐྱག་རུལ་བར་བྱས་པ་ལྟ་བུ་སོགས་རང་བྱུང་གི་སྐྱེ་ལྡན་ལུད་གཉིས་ཡོད། དེ་ལས་རྫས་འགྱུར་གྱི་ལུད་ནི་ཕྱིས་སུ་བྱུང་ལ། ཡུལ་འདི་ན་གནའ་སྔོན་མ་ནས་ཞིང་ལ་སྐྱེ་ལྡན་གྱི་ལུད་བཀྲམ་པ་ཡིན། དེང་སང་བལྟས་ན་སྐྱེ་ལྡན་གྱི་ལུད་ལ་སྐྱེ་ལྡན་གྱི་གྲུབ་ཆ་དང་འཚོ་བཅུད་ཀྱི་རྫས་ཆ་སྣ་ཚོགས་ཕུན་སུམ་ཚོགས་པ་འདུས་ཡོད་སྟབས། དེས་ལོ་ཏོག་ལ་ཐད་ཀར་དགོས་མཁོའི་འཚོ་བཅུད་རྣམས་འདོན་ཐུབ་པར་མ་ཟད། ད་དུང་ཞིང་སའི་བག་ལ་འཇར་བའི་ས་བཅུད་སོས་པར་བྱས་ཤིང་ཞིང་སའི་ཕན་ཐོགས་ཅན་གྱི་ས་བཅུད་འདུས་ཚད་ཇེ་མཐོར་གཏང་ཐུབ་པ་དང་། ལུད་ཀྱི་ཁྲོད་དུ་ཕན་ཐོགས་ལྡན་པའི་སྐྱེ་དངོས་ཕྲ་མོའི་རིགས་མང་པོ་འདུས་པས། དེས་ཞིང་སའི་སྐྱེ་དངོས་ཕྲ་མོའི་གསོན་ཤུགས་ཇེ་དྲག་ཏུ་གཏང་པ་དང་རྫས་ཆ་རྣམས་ཕན་ཚུན་འགྱུར་རེས་བྱེད་པ་ལ་སྐུལ་འདེད་གཏང་ཐུབ་པ་དང་། དེ་བཞིན་ཞིང་སའི་ངོ་བོ་བསྒྱུར་བ་དང་། རླན་བཞའ་སྲུང་བ། ལུད་བཅུད་འཛིན་པའི་ནུས་པ་ཇེ་མཐོར་གཏང་བ། ས་རྡུལ་གྱི་གྲུབ་ཆ་དང་གྲུབ་ཚུལ་ཇེ་བཟང་དུ་གཏང་བ་སོགས་ལ་བརྟེན་ནས་ཞིང་སའི་དངོས་ལུགས་ཀྱི་རང་བཞིན་དང་རྫས་འགྱུར་གྱི་རང་བཞིན་ཇེ་ལེགས་སུ་གཏང་པ་དང་ཞིང་སའི་ངོ་བོ་སྔར་ལས་ལྷག་པར་གཤིན་པོར་བསྒྱུར་པ་བཅས་བྱེད་ཐུབ་པར་མ་ཟད། རྫས་འགྱུར་གྱི་ལུད་དང་གཞི་རྒྱུའི་རིགས་མང་ཆེ་བ་སོགས་ཀྱིས་ཞིང་ས་སྦགས་བཙོག་བྱེད་པ་སྔོན་འགོག་དང་གནོད་པ་ཇེ་ཆུང་དུ་གཏང་ཐུབ། དེ་དག་ཐམས་ཅད་ནི་རྫས་འགྱུར་གྱི་ལུད་ལ་མེད་པའི་ཐུན་མིན་གྱི་ཁྱད་ཆོས་ཡིན་ནོ།