ལེགས་བཤད་ཨུཏྤལའི་སྡོང་པོ་ལས། ར་ལུག་རིལ་མ་རྐང་གཉིས་གཅི་བ་དང་།།བ་གླང་ཁྱི་ཕག་མཛོ་འབྲི་རྟ་གཡག་དྲེལ།།བོང་བུ་སོགས་ཀྱི་གཤང་གཅི་མང་པོ་ལ།།ཕུབ་སོགས་ཤིང་ལོ་ར་ཐལ་མང་པོ་བསྲེ།།ལོ་ལྟར་བསགས་པ་མཐའ་དབུས་མེད་པར་བརྡལ།།ཁྱད་པར་ལུད་གཞན་ཟིལ་གྱིས་རབ་གནོན་པའི།།རྫས་ལུད་འདི་ཉིད་མཛངས་མིའི་ཐོག་མ་ལ།།ལེགས་པར་འཁྲུངས་པ་རུ་ལས་སྐྱེས་ཀྱིས་དྲན།།ཞེས་གསུངས་པ་བཞིན་བོད་མིས་ཞིང་ལ་ལུད་འདྲེན་པའི་སྲོལ་ནི་སྔར་ནས་དར་ཟིན་ལ། ཞིང་ལ་དགོས་པ་ལུད་ཡིན། རྩམ་པའི་སྤགས་ཁུ་ཇ་ཡིན་ཞེས་དྲངས་ན་ཕན་ཐོགས་ཤིན་ཏུ་ཆེ་བའང་གནའ་ནས་ཤེས་ཟིན་པ་ལྟར། ཡུལ་གྲུ་འདིའི་ཞིང་པ་ཚོས་ཀྱང་ཞིང་ལ་ལུད་འདྲེན་པ་ནི་ལོ་ཏོག་གཞུན་པོ་འོང་བའི་རྒྱུ་རྐྱེན་མེད་དུ་མི་རུང་བ་ལ་བརྩིས་ཞིང་དོན་ལའང་ལུད་མང་ཉུང་དང་སྤུས་ཀ་བཟང་ངན་གྱིས་ལོ་ཏོག་གི་འབྲས་བུ་བཟང་ངན་ལ་ཐད་ཀར་ཤུགས་རྐྱེན་ཏེ་པོར་མངོན་གསལ་དོད་པ་མངོན་སུམ་མཐོང་ཐུབ་པ་ཡིན། ཆར་ཆུ་འབེལ་བའི་ལོར་ལུད་ཀྱི་ནུས་པ་ལྷག་པར་ཆེ། དེ་བས་ཞིང་ལས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པ་དག་གིས་ནི་ལུད་ཀྱི་སོ་ནམ་ལ་མཐོང་ཆེན་ཆེན་པོ་བྱས། སོ་ནམ་པ་ཚོས་སྲན་ཞིང་དུ་ལུད་མི་འགྲེམ། དེ་ནི་ལུད་བཀྲམ་ན་སྲན་ཡུ་སྟུག་པོ་དང་རིང་པོར་སྐྱེས་དྲགས་པའི་སྲན་རྫོབ་ལ་འབྲས་བུ་ལེགས་པར་སྨིན་མི་ཐུབ་པས་ཡིན། གྲོ་ཞིང་ལ་ལུད་ཀྱི་མཐུན་རྐྱེན་འཛོམས་ན་བཀྲམ་དགོས་ལ་མེད་པ་ཕལ་མོ་ཆེས་ནས་ཞིང་ལ་གཙོ་བོར་བྱས་ཤིང་གྲོ་ཞིང་སྐྱ་འདེབས་བྱེད་པ་ཡིན། གལ་ཏེ་ནས་ཞིང་ལ་ལུད་ཀྱིས་མ་འདང་ན་སྤྱིའི་ཆ་ནས་ལོ་ཏོག་བོངས་ཉུང་ཞིང་འབྲས་བུ་ཞན་པར་འགྱུར་བར་མ་ཟད། དབྱར་དུ་འབབ་ཚད་ཆེ་ཞིང་ཆར་ཆུ་འབེལ་དྲགས་ན་ལྗང་སོག་ལ་བཅུད་ཀྱིས་མ་འདང་བས་རྐང་སོབ་ཅིང་མདོག་སེར་པོར་འགྱུར་བ་དང་། བོངས་སྲབ་ཅིང་ལུས་ཐུང་བ། སྙེ་མ་ཆུང་ཞིང་འབྲས་བུ་ཉུང་བ། ཀྲང་ལ་རྒྱུགས་པ་སོགས་ཀྱི་སྐྱོན་འབྱུང་། དེ་བས་ཡུལ་འདིའི་ས་སྟོད་སྨད་བར་དུ་མི་ཚོས་ཐབས་བརྒྱ་ཇུས་སྟོང་གིས་ལུད་བསོགས་ནས་དཔྱིད་ཀར་ནང་ཞིང་ལ་ལུད་མི་བཀྲམ་བ་མེད་ཀྱང་། ཞིང་རྒྱ་ཆེ་ཞིང་ལུད་ཀྱི་ཐོན་ཁུངས་དཀོན་པོའི་ཡུལ་ན་ཕྱི་ཞིང་སྐྱ་འདེབས་བྱེད་མཁན་ཡང་མང་། དེ་ནི་ལུད་ཀྱི་མཐུན་རྐྱེན་མ་འཛོམས་པ་ཡིན་གྱི་ཕྱི་ཞིང་ལ་ལུད་མི་དགོས་པ་ནི་མ་ཡིན། ཞིང་དུ་བཀོལ་བའི་རང་བྱུང་གི་ལུད་ལ་ཐོན་ཁུངས་ཀྱི་ཆ་ནས་ར་ལུག་ལུད་དང་། ཟོག་ལུད། ཐལ་ལུད། རྟ་ལུད། ཁྱི་ལུད། ཕག་ལུད། སྔོ་ལུད། སྤང་ལུད་སོགས་ཡོད་ཅིང་དུས་ཀྱི་ཆ་ནས་དབྱར་ལུད་དང་དགུན་ལུད་དང་། ལུད་བཅུད་ཀྱི་ཆ་ནས་བཅུད་ཚོ་པོ་ལ་སྣུམ་ལུད་དང་ཚོ་པོ་མིན་པ་ལ་སྐྱ་ལུད་བཅས་ཀྱི་དབྱེ་བ་ཡང་ཕྱེ། དེ་ལས་ཞིང་པ་རྣམས་ཀྱི་ཆེས་བཟང་བར་བགྲངས་པའི་ལུད་ནི་ར་ལུག་གི་ལུད་ཡིན། དེས་ལོ་ཏོག་གི་སྐྱེས་སྟོབས་འཕེལ་བ་ལ་ཕན་ཐོགས་ཤིན་ཏུ་ཆེ་བར་མ་ཟད། ད་དུང་ས་བོན་འབུ་ཡིས་འཇོམས་པ་སོགས་ལོ་དགྲ་འགོག་པ་ལའང་ཕན་ཐོགས་ཆེན་པོ་ཡོད། དེ་ནས་རིམ་བཞིན་ཟོག་ལུད་དང་། ཐལ་ལུད། ཁྱི་ཕག་གི་ལུད་རྣམས་བཟང་པོར་བརྩིས། ཆེས་མི་བཟང་བ་ནི་རྟ་ལུད་བགྲང་ལ་དེ་ལ་ལུད་ཀྱི་ནུས་པ་ཞན་པར་མ་ཟད། རྟ་སྦངས་རུལ་ཐག་མ་ཆད་ན་ཞིང་ནང་དུ་ལོ་ཏོག་ལ་འཚེ་བའི་འབུ་འཁྲིད་པ་སོགས་ཀྱི་གནོད་པ་ཡང་ཡོད་པས་ཞིང་ལ་འགྲེམ་སྐབས་སུའང་ཕྱི་ཞིང་དང་རི་ཞིང་སོགས་ལས་ནང་ཞིང་གཙོ་བོ་རྣམས་སུ་འགྲེམ་མཁན་ཉུང་། ཐལ་ལུད་ནི་ཆབ་ཁང་ནང་དུ་མིའི་གཅིན་སྐྱག་དང་གོ་ཐལ་མཉམ་དུ་བསོགས་པའི་ལུད་དེ་ཆབ་ལུད་ཀྱང་ཟེར། དེ་ཞིང་ནང་དུ་འདྲེན་རན་པའི་དུས་སུ་མ་གཏོགས་གསང་སྤྱོད་དུ་ཉར་ནས་ཕྱིར་ལུད་ཕུང་དུ་མི་སྤུང་ལ། འཚིག་དང་ཐན་པ་བྱུང་ན་ཐལ་ལུད་ཀྱིས་ཞིང་ནང་དུ་ལྡུམ་བུ་མང་པོ་འདྲེན་ཡོང་བའི་རྐྱེན་གྱིས་ཞོག་ཁོག་དང་ཕྱི་ཞིང་ལས་ནང་ཞིང་ལ་མི་འགྲེམ་མཁན་ཡང་ཡོད། འོན་ཀྱང་ས་ཚི་ཅན་གྱི་ཞིང་གི་ས་གཤིས་སོབ་ཅིང་ལྷོད་པར་ཐལ་ལུད་ནི་ལུད་གཞན་ལས་ལྷག་པར་བཟང་བར་བཤད། ཞོག་ཁོག་སྟེ་རྒྱ་གྲོ་མའི་ནང་ལ་ཕལ་མོ་ཆེས་ཐལ་ལུད་ལས་མི་འགྲེམ་ལ་དེ་ནི་ལུད་གཞན་པ་བཀྲམ་ན་ས་བོན་རུལ་དོགས་པས་ཡིན་པ་འདྲ། སྔོ་ལུད་ནི་དབྱར་ཀར་ལུད་དུ་རུང་པའི་རྩྭ་དང་རྩི་ཤིང་སྔོན་པོ་རྣམས་བྲེགས་ཏེ་དོང་དུ་རུལ་བཅུག་པ་དང་། ཞིང་ནང་གི་ལྡུམ་པོ་སྔོན་པོ་རྣམས་དབྱར་སློག་བཅད་ནས་ས་འོག་ཏུ་སྦས་ཏེ་ལུད་དུ་བྱེད་པ་རྣམས་ལ་ཟེར། སྤང་ལུད་ནི་དུས་རབས་སྔོན་མའི་མཉམ་ལས་ཁང་གི་སྐབས་སུ་ཞིང་ནང་གི་སྤོ་ཐོ་དང་ཞིང་ཁའི་སྤང་ཐོ་རྣམས་ཚ་ཚ་པར་ཀོང་ཁ་སྦུབ་པ་བཞིན་དུ་བརྩིགས་པའི་ཁོག་ཏུ་རྩྭ་དང་གྲ་ཕུག་རྟ་སྦངས་ལྕི་ཕྱེ་སོགས་བཅུག་ནས་བསྲེགས་པའི་ཐལ་བ་སྟེ། དབྱར་སློག་སོགས་ཕྱི་ཞིང་དུ་བཀྲམ་པ་ལས་ནང་ཞིང་དུ་སྲེག་སྲོལ་མེད། ས་ཞིང་སྒེར་ལ་སྤྲད་རྗེས་དང་ཐོག་ད་དུང་སྲེག་མཁན་ཡོད་ཀྱང་རིམ་བཞིན་ཇེ་ཉུང་ནས་ད་ལྟར་ཕལ་ཆེར་མེད་པར་གྱུར། གཞན་ད་དུང་མཉམ་ལས་ཁང་གི་སྐབས་སུ་ས་ལུད་ཅེས་ན་དང་ནེའུ་གསིང་ཡོད་པའི་ས་འོག་ཏུ་ཁ་དོག་སྔོན་པོ་དང་སྔོན་ནག་ཏུ་གྱུར་པའི་ས་འདམ་ཞིག་བསློགས་ནས་ཞིང་དུ་བཀྲམ་སྲོལ་ཡོད། དབྱར་ལུད་ནི་དགུན་ལུད་སོགས་གཞན་ཀུན་ལས་བཟང་པས་ལུད་གསོག་པའི་དུས་ཚོད་བཟང་ཤོས་ནི་དབྱར་ཀ་ཡིན། ཡིན་ན་ཡང་ཞིང་པ་ཚོ་དགུན་གྱི་དུས་སུ་ཉལ་ནས་འདུག་ཆོག་པ་ཞིག་མ་ཡིན་ཏེ། སྟོན་དུས་འབྲས་བུ་ཕུད་པའི་རྩྭ་སོག་དང་གྲ་ཕུག་རྣམས་ལེགས་པར་ཉར་ཚགས་བྱས་ནས་དགུན་དུ་ཟོག་གཟན་བྱས། གཟན་འཕྲོའམ་ཁ་སྙིགས་དང་ལྷག་མ་རྣམས་ཙེ་གུར་ཞིག་འཕྲོ་བརླག་མི་གཏོང་བ་སྐམ་པོར་ཚགས་བྱས། དབྱར་ཀར་རྩྭ་ཆུ་རྒྱས་ཤིང་རྟ་ཟོག་བཤང་གཅིན་འབེལ་བའི་དུས་སུ་འོག་ཏུ་ལུད་གདན་བརྒྱབ་ནས་རུལ་དུ་བཅུག་པས་ཕྱོགས་གཅིག་ནས་ཕྱུགས་ཟོག་ཉལ་ས་འདམ་རྫབ་ཏུ་མི་འགྱུར་བ་དང་ཕྱོགས་གཅིག་ཏུ་ཞིང་ལ་དགོས་པའི་ལུད་གང་མང་བསོག་ཐུབ་པ་ཡིན། དེ་ནས་ལུད་ཀྱི་དྲི་ངན་མེད་ན་ཟས་ཀྱི་དྲི་ཞིམ་མེད་ཅེས་སྟོན་མཇུག་གམ་དགུན་མགོ་མ་ཤར་གོང་སྟེ་བོད་ཟླ་བཅུ་པ་ཤར་བའི་ཡན་མན་དུ་ལུད་ཁ་ཕྱེའམ་སྒོ་ལུད་ཕྱེ་ཞེས་ཁྱིམ་གྱི་ལུད་རྣམས་སྒོའི་ཕྱིར་ས་ཁུག་ཉི་ལྡེ་དྲོ་ས་ཞིག་ན་བསྐྱས་ཏེ་ཕུང་པོ་གཅིག་ཏུ་སྤུངས་ནས་བསྙལ་བ་ཡིན། ཉི་ལྡེ་དྲོ་སར་སྤུངས་དོན་ནི་ཉི་མའི་དྲོད་ཀྱིས་ཚད་པ་བསླངས་ནས་ལུད་རུལ་ཐག་ཆད་པའི་ཆེད་དུ་ཡིན་པས་སྲིབ་ཁུག་འཁེང་ཉེན་ཡོད་པར་མི་སྤུང་། དོན་དུ་དགུན་ནག་ལྕགས་ཀྱི་ཐུ་ལུམ་འགད་པའི་དུས་སུའང་དུད་ཚང་སོ་སོའི་ལུད་ཕུང་གྱི་ཐོག་ནས་རླངས་པ་ཁྱིམ་གྱི་དུ་བ་ལྟ་བུ་འཕྱུར་བཞིན་ཡོད་པ་མཐོང་ཐུབ། ཞིང་པ་ཚོས་སྒོ་ལུད་ཕྱེ་སྐབས་སུ་ལུད་ཕུང་དུ་རྟ་དང་དྲེལ་གྱི་ལུས་རྣམས་ལུད་གཞན་པ་རྣམས་ཀྱི་ཆེས་འོག་མར་བསྙལ་ལ། དེ་ནི་རྟ་ལུད་རང་ཉིད་རུལ་ཐག་ཆོད་ཕྱིར་ཙམ་གྱིས་མི་ཚད། དེ་ཉིད་དྲོད་ཆེ་བས་ལས་གཞན་པ་རྣམས་རུལ་བར་ཕན་ཐོགས་ཆེ་བས་ཀྱང་ཡིན། མི་རྒན་ཚོ་ཞལ་ནས་རྗེ་བླ་མའི་དགོངས་རྫོགས་ཀྱི་དུས་དྲན་ལྔ་མཆོད་མ་ཤར་གོང་ལ་ངེས་པར་དུ་སྒོ་ལུད་འཕོས་ཐུབ་དགོས་མ་གཏོགས་དེ་ནས་ཀླུ་ཉལ་ཟིན་པས་ས་རྐོ་རྡོ་སློག་བྱས་ནས་ཕེད་མི་ཉན་པར་གསུངས་མོད། འོན་ཀྱང་དཀར་མཛེས་ལུང་པའི་གླིང་དུ་ཡོད་པ་རྣམས་ཀྱིས་ལྔ་མཆོད་ཟླ་བ་ནས་དགུན་གོས་གཙོ་བོ་གྱོན་མགོ་བརྩམས་པ་དང་ལྔ་མཆོད་དུས་ཡན་མན་ནས་ཆུ་ལ་ཆབ་རོམ་འཆག་སྟབས་སྒོ་ལུད་ཕྱེ་འཕྱིས་ན་ལུད་ཕུང་འཁེངས་ཏེ་རུལ་མི་ཐུབ་པ་དང་ཡང་འབྲེལ་བ་ཆེན་པོ་ཡོད་པ་སྣང་། གལ་ཏེ་ཁང་ཤོད་དུ་ལུད་མང་དྲགས་ནས་ཁང་པའི་ཀ་རྐུབ་རུལ་དོགས་བྱུང་ན་དབྱར་གཞུང་དུ་སྒོ་ལུད་ཐེངས་གཅིག་ཕྱེ་པའང་ཡོད། དེ་བཞིན་དུ་དབྱར་དུས་སུ་རྩྭ་དང་ལྡུམ་བུ་བྲེགས་ནས་ལུད་དོང་དུ་སྦས་ཏེ་རུལ་དུ་བཅུག་པ་དང་། དུས་རྒྱུན་དུ་སྒོ་ཕྱི་ནང་གི་ཁྱི་ལུད་ཕག་ལུད་ལ་སོགས་བསྡུས་ནས་གསོག་པར་མ་ཟད། གད་སྙིགས་ཀྱང་རྩིང་ཞིབ་ཕྱེ་ནས་ལུད་དུ་རུང་བ་རྣམས་ཆབ་ཁང་སོགས་སུ་བླུག་ཅིང་། དོན་གཉེར་ཅན་ལས་ཀ་རུ་ངར་པོ་རྣམས་ཀྱིས་ད་དུང་རི་ནས་ལྕི་བ་སོགས་བཏུས་ཏེ་ལུད་བསོགས་པ་ཡིན། ཡུལ་དང་ཞིང་ལ་ལ་ན་སྲན་མ་མགོ་སྨིན་མི་ཐུབ་ཀྱང་སྲན་མ་བཏབ་པ་མང་ལ་དེ་ནི་སྲན་མའི་ལོ་འདབ་སྒོ་ཟོག་གསོ་བྱེད་ཀྱི་རྩྭ་གཟན་བྱེད་ཆོག་པ་ཙམ་གྱིས་མི་ཚད་པར་གཙོ་བོ་སྲན་རྩྭའི་ཁུ་བ་དག་པ་ས་ལ་ཐིམ་ནས་ལོ་ཕྱི་མར་ཞིང་ལ་ལུད་ཀྱི་ཕན་ནུས་འབྱུང་ཐུབ་པས་ཡིན།
ལུད་ཞིང་དུ་སྐྱ་དུས་གཟའ་དང་སྐར་མ་བརྩིས་ནས་སྐལ་བཟང་དུས་བཟང་ལ་སྐྱ་མགོ་འཛུགས་མཁན་ཡང་མི་ཉུང་། འཕྲུལ་ཆས་མ་བྱུང་བའི་སྔོན་ལ་སྟོན་དུས་ལོ་ཏོག་ཁྱིམ་དུ་བསྐྱས་པ་དང་དཔྱིད་ཀར་ལུད་ཞིང་ལ་དབོར་པའི་སྐབས་སུ་སྒོ་ཕྱུགས་ཡོད་པ་དོན་གནས་ལས་བྲེལ་བ་ཆེ་ཤོས་ནི་རྟ་དང་གླང་ཡིན། དྲེལ་དང་བོང་བུ་ལའང་ཁལ་འགེལ་ཡང་དེ་འདྲས་འབེལ་བ་མིན། ཟོག་ཆེན་མང་བའི་དུད་ཚང་ལས་མཛོ་དང་གཡག་ལ་ཁལ་འགེལ་མཁན་ཡོད་མོད་འོན་ཀྱང་ཕལ་ཆེ་བས་མཛོ་གཡག་གཉིས་ནི་རྨོན་ལས་སུ་མ་གཏོགས་ཁལ་དགལ་བ་སོགས་ལ་བཀོལ་མི་བྲ། མཐུན་རྐྱེན་མ་འཛོམས་པ་ཚོས་མིས་རྒྱབ་ལ་ཁུར་ནས་སྐྱ་བའང་ཡོད། སྔོན་ཆད་མཉམ་ལས་ཁང་གི་སྐབས་སུ་ལུད་ཐམས་ཅད་ཕལ་ཆེར་མི་ཡིས་རྒྱབ་ཏུ་འཁུར་དགོས་ཤིང་། མཆན་ཁུང་ཟན་སྒོང་འགས་ལག་མཐིལ་ཡོས་འགས་རྐང་ཞབས་རྡོ་འགས་ཞེས་ལང་ཚོ་དར་ལ་བབས་ཤིང་ཤེད་ཤུགས་པགས་ལས་འཕྱུར་པའི་ལོ་ཆུང་ཕོ་མོ་ཚོས་ཉིན་བཅུ་ཕྲག་གི་རིང་ལ་ལུད་རྒྱ་མ་ཉིས་བརྒྱ་ཡན་མན་རྒྱབ་ཏུ་ཁུར་ནས་ལེ་བར་གསུམ་བཞིའི་ལམ་ཐག་ཡོད་པའི་ལ་ཐུར་འཕྲེད་གསུམ་བརྒལ་ཏེ་འོར་འདྲེན་དགོས་ཤིང་། ང་ཚོ་བྱིས་པ་སྣབས་ལུགས་ལོ་ངོ་བཅུར་ཟིན་ཙམ་རྣམས་ཀྱིས་ཀྱང་རྒྱབ་ལ་ལྕོགས་མི་ལྕོགས་རེ་ཁུར་ནས་རྗེས་སུ་བསྙེག་དགོས། བྱིས་པ་རུ་ངར་པོ་འགའ་རེས་ལུད་རྒྱ་མ་བརྒྱད་ཅུ་ཙམ་རེ་ཁུར་ནས་རྗེས་དེད་ཀྱང་འོར་མ་གཅིག་གཉིས་ལས་མི་དགོས་པར་ཐང་ཆད་འགྲོ། ང་ཚོ་བྱིས་པ་རྣམས་ལ་མཚོན་ན་དེ་ནི་ངོ་མ་དམྱལ་བ་ས་སྟེང་དུ་དངོས་སུ་ལྷུང་བའི་དཀའ་ངལ་ཞིག་ཡིན། འཁུར་བྱེད་གཙོ་བོ་ནི་སླེ་བོའམ་སེལ་བོ་དང་རྩྭས་བསླས་པའི་དྲ་ཕོད་ཡིན་ལ། དེ་ལས་སེལ་བོ་ནི་མི་ཕྱུགས་གཉིས་ཀྱིས་སྤྱོད་ཅིང་དྲ་ཕོད་ཁལ་མ་ཁོ་ནར་འགེལ། ལུད་ཞིང་ཁར་ཁུར་རྗེས་ཞིང་གི་སྟོད་སྨད་བར་དུ་བར་ཐག་ཆ་སྙོམས་པའི་ལུད་ཕུང་ཆུང་ཆུང་རེ་རེ་བཞིན་སྤུངས་ནས་མ་བཀྲམ་བར་དུ་བཞག་ཅིང་ཐལ་ལུད་ཡིན་ན་རླུང་གིས་མི་འདེད་ཕྱིར་དུ་ས་ཡིས་བཀབ་པ་ཡིན། ཞིང་རྨོ་རན་པའི་སྔ་ཉིན་དུ་དང་པོ་ལུད་བཀྲམ་དེ་ནས་ས་བོན་གདབ་དགོས།དེ་ནི་བཀྲམ་སྔ་ན་རླུང་གིས་སྤུར་བ་དང་ཉི་མས་བསྐམས་ནས་ལུད་ཀྱི་ངར་ཤོར་བ་སོགས་འཕྲོ་བརླག་ཏུ་འགྲོ་བས་ཡིན། ལུད་ཀོག་ཞིང་ལ་མི་ཕན། བུ་མོ་མ་ལ་མི་ཕན་ཞེས་ལུད་བཀྲམ་དུས་ངེས་པར་དུ་ལུད་ཀོག་ཆེན་པོ་རྣམས་ཞིབ་མོར་གཙགས་ཤིང་ཆ་སྙོམས་པོར་དགྲམ་དགོས་པ་མ་གཏོགས་དཔྱིད་རྨོས་སུ་ལུད་རྡོག་ས་སྟེང་ལ་འཕགས་ནས་ཕན་མི་ཐོགས་པ་དང་། སྟོན་ཀར་ལོ་ཏོག་ལ་བོངས་སྲ་མཐུག་མི་གཅིག་པ་དང་། འབྲས་བུ་བཟང་ངན་མི་འདྲ་བ། སྨིན་སྔ་ཕྱི་མི་མཚུངས་པ། འབྲས་བུ་ས་ལ་ཐོར་བ། དུས་གཅིག་ཏུ་རྔ་ཐབས་མེད་པ་སོགས་ཀྱི་སྐྱོན་མང་པོ་འབྱུང་སྲིད།
མི་དང་སྒོ་ཕྱུགས་ལས་བྱུང་བའི་རང་བྱུང་སྐྱེ་ལྡན་ལུད་ཀྱིས་ལོ་ལེགས་ཡོང་
བ་ལ་ཕན་པར་མ་ཟད། འབྲུ་རིགས་ལ་མིའི་ལུས་ཕུང་ལ་མེད་དུ་མི་རུང་པའི་རྫས་ཆའི་རིགས་ཀྱང་ལྡན་པར་བྱེད་པ་ཡིན་སྟེ། དཔེར་ན། ཆེད་ལས་མཁས་པའི་བཤད་པར་བལྟས་ན། སེམས་ཅན་གྱི་ལུས་ཕུང་འཚོ་བའི་འཚོ་བཅུདB12ཞེས་པ་འདི་མིའི་ལུས་ལ་མེད་དུ་མི་རུང་བའི་རྫས་ཆ་ཞིག་ཡིན། དེ་ནི་རྩི་ཤིང་རིགས་ཀྱི་སྐྱེ་དངོས་ཀྱིས་འདྲེས་སྦྱོར་བྱེད་མི་ཐུབ་ལ་སྲོག་ཆགས་རིགས་ཀྱིས་ཀྱང་འདྲེས་སྦྱོར་བྱེད་མི་ནུས། དེ་བས་མིས་སྔོ་ཚལ་སོགས་ཟོས་པ་ཙམ་གྱིས་ལུས་ལ་ལྡན་པར་མི་འགྱུར་ལ་ལུས་ཁམས་རང་སྟོབས་ཀྱིས་ཀྱང་བསྐྱེད་མི་ནུས། དེ་འདྲེས་སྦྱོར་བྱེད་ནུས་པ་ཉག་གཅིག་ནི་སྐྱེ་དངོས་ཕྲ་རབ་ཀྱི་རིགས་ཡིན་ཞིང་། མི་དང་དུད་འགྲོའི་ལུས་ཕུང་གི་ལོང་ག་ན་སྐྱེ་དངོས་ཕྲ་རབ་ཀྱི་འབུ་ཕྲ་མང་པོ་ཡོད་པས་དེརB12འདྲེས་སྦྱོར་བྱེད་བཞིན་ཡོད་ཀྱང་ལུས་ཀྱི་སྡུད་ལེན་རྒྱུ་ནག་ན་བྱེད་དགོས་སྟབས་ལུས་ཀྱིས་ལོང་ག་ནས་ཐད་ཀར་ལེན་ཐབས་མེད། དེར་བརྟེན་ལོང་གར་འདྲེས་སྦྱོར་བྱེད་པའིB12དེ་དག་བཙོག་སྙིགས་དང་མཉམ་དུ་ལུས་ཀྱི་ཕྱི་ལ་བཏང་རྗེས་ལུད་དང་འདྲེས། ལུད་དེ་ཞིང་དུ་བཀྲམ་པས་འབྲུ་རིགས་ལ་གནས། དེ་མིས་བཟོས་པ་བཅས་བརྒྱུད་དེ་སླར་ཡང་མིའི་ལུས་ལ་གནས་པར་འགྱུར་བཞིན་ཡོད། གལ་ཏེ་ཞིང་ནང་དུ་མི་ཕྱུགས་ལས་བྱུང་བའི་སྐྱེ་ལྡན་ལུད་རྫས་མེད་ན་རྫས་འགྱུར་གྱི་ལུད་སོགས་བཏབ་པའི་འབྲུ་རིགས་ལས་མི་ལ་དགོས་པའི་རྫས་ཆ་དེ་འབྱུང་ཐུབ་པ་མིན། དེ་བས་མིས་སྐྱེ་ལྡན་གྱི་ལུད་དང་ལྡན་པའི་འབྲུ་རིགས་མ་ཟོས་ན་ལུས་ཕུང་དུB12ཞེས་པའི་རྫས་ཆ་མི་འདང་བར་འགྱུར་པ་ཡིན། རྫས་འགྱུར་གྱི་ལུད་མ་གཏོགས་སྐྱེ་ལྡན་ལུད་མེད་པའི་ས་ཆ་དག་ན་མིའི་ལག་རྩལ་གྱིས་ལས་སྣོན་བྱེད་པའིB12ཡི་རྫས་ཆ་ཕག་ཟན་ལ་བསྲེས་ནས་ཕག་ཤར་ལྡན་པར་བྱས། དེ་མིས་ཟོས་ནས་ལུང་ཕུང་གི་དགོས་མཁོ་བསྐང་ཐབས་བྱེད་བཞིན་ཡོད་པ་ལྟ་བུ། སྤྱིར་བཏང་མིའི་གཅིན་སྐྱག་ཏུ་ཞིང་ས་དང་ལོ་ཏོག་ལ་ཕན་པའི་རྫས་ཆ་ཤིན་ཏུ་མང་པོ་འདུས་ཡོད་ཀྱང་གཅིན་པར་བརྒྱ་ཆ་གོ་ལྔ་དང་སྐྱག་པར་བརྒྱ་ཆ་བདུན་ཅུའི་ཡན་ཆུས་ཟིན་པས་ཤིན་ཏུ་ཉུང་ཞིང་ཧ་ཅང་བསོག་དཀའ་སྟབས་རང་ཡུལ་གྱི་ཞིང་ལས་ཐོན་སྐྱེད་ལ་ནུས་པ་ཆེན་པོ་ཐེབས་ཐུབ་ཀྱིན་མེད་དོ། ། མ་གཞི་བོད་པའི་ཞིང་ལས་སོ་ནམ་བྱེད་སྟངས་དེ་དག་ལ་དེང་རབས་ལག་རྩལ་གྱིས་སོ་ནམ་བྱེད་པ་ལྟ་བུ་ས་ཕྱོད་ཆེན་པོ་དང་ངལ་དུབ་བསྲི་ནུས་པ་མ་ཡིན་ཡང་རང་བྱུང་ཁམས་ཀྱི་ཆོས་ཉིད་དང་མཐུན་པའི་གནས་ལུགས་མང་པོ་ཡོད་དེ། མིས་ཞིང་ལ་རྨོད་འདེབས་སོ་ནམ་བྱས། དེ་ལས་བྱུང་བའི་འབྲུ་རིགས་རང་གིས་ལོངས་སུ་སྤྱད་ཅིང་རྩྭ་སོག་རྣམས་ཟོག་ལ་སྟེར། དེ་ལས་བྱུང་བའི་ལྕི་བ་མེར་བསྲེགས་ནས་ཚ་དྲོད་ལོངས་སུ་སྤྱད། དེ་ལས་བྱུང་བའི་གོ་ཐལ་དང་གཅིན་སྐྱག་ལུད་དུ་བསོགས་ནས་ཞིང་ལ་བཀྲམ་སྟེ་ལོ་ཏོག་རྒྱས་པར་བྱས། དེ་ལྟ་བུའི་མུ་ནས་མུ་རུ་འཁོར་བའི་རང་བྱུང་ཁམས་ཀྱི་རྟེན་འབྲེལ་གནས་ལུགས་ཇི་བཞིན་དུ་འཚོ་གནས་བྱས་ཏེ་རྩི་ཤིང་ནགས་ཚལ་དང་གཅན་གཟན་རི་དྭགས་རིན་ཆེན་གཏེར་ཁ་སོགས་གནས་སྐབས་ལོངས་སྤྱོད་ལྷའི་དཔལ་ལ་སྦྱོར་ནུས་པ་རྣམས་ལ་མིག་འབྲས་བཞིན་དུ་སྲུང་ཞིང་སྲི་པར་བྱེད། འཚོ་བ་སྐྱོང་སྟངས་དེ་དག་ནི་ཕྱོགས་ཙམ་གྱིས་བལྟས་ན་འཚོ་སྟངས་རགས་པ་དང་རྣམ་པ་རྗེས་ལུས་ལྟ་བུར་སྣང་སྲིད་ཀྱང་རིགས་པས་ཞིབ་ཏུ་བརྟགས་ན་མིག་རྒྱང་མཁའ་མཐར་བསྲིངས་ཅིང་གནས་ལུགས་མཚོ་གཏིང་དུ་གཏུགས་ཡོད་པ་དེང་སང་མིའི་རིགས་ཀྱིས་ཆོག་ཤེས་མེད་པས་ལོངས་སུ་སྤྱོད་པའི་དབང་གིས་ཁོར་ཡུག་གི་ཚ་བ་ཚད་ཇེ་འཕར་དང་། རང་བྱུང་གི་འཇིགས་པ་ཛ་ཇེ་དྲག། མིའི་རིགས་ཀྱི་ནད་ཡམས་རིགས་ཇེ་མང་དུ་སོང་དང་འགྲོ་བའི་བརྟན་གཡོའི་གནས་བབ་ལས་ར་ཇེ་འཕྲད་དུ་འགྲོ་བཞིན་ཡོད་འདུག་སྙམ། ༼ མུ་འགོད།༽