国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྟོན་མཇུག་གི་སྨྲེང་བ།

ས་གཞི་གསེར་མདོག་ལྡན་པའི་དུས་ཚིགས་སམ། །

ཟླ་བའི་རང་མདངས་གསལ་བའི་དུས་དེ་ལ། །

མི་རྣམས་སྟོན་ཁ་ཟེར་ནས་འུར་ཟིང་བྱས། །

ནགས་དང་རི་བོ་རྩེ་མོར་བག་ཡངས་རྒྱུ། །

ང་རང་གཏི་མུག་གཉིད་ལས་ཤོར་བ་བཞིན། །

ཇ་ཡུན་ཙམ་གྱིས་སྟོན་དུས་འཇའ་ལྟར་ཡལ། །

གློ་བུར་དགུན་གྱི་དུས་ཚིགས་མདུན་དུ་སླེབས། །

རླུང་བུ་ལྷགས་པས་ནང་སེམས་ཡོམ་ཡོམ་གཡོ། །

འབྱུང་བཞིའི་འདུ་བ་འཁྲུག་པས་ཁམས་མི་དྭངས། །

གཟུགས་གཞི་ནད་ཀྱིས་ཐེབས་པས་སྟོབས་ཀྱང་ཞན། །

གདོང་མཆོང་མདུན་དུ་སྐྱོད་པའི་སྟོབས་མེད་པས། །

ལུས་སེམས་གཉིས་ཀྱི་སྤོབས་པ་བག་ལ་ཉལ། །

ད་ནི་ནང་སེམས་ཞི་བའི་གུར་ཁང་དུ། །

ལྷོད་ལ་བབས་ནས་རང་སེམས་རང་གིས་གསོ། །

འདས་པའི་བྱ་བ་བཏང་སྙོམས་ངང་དུ་བཞག། །

ད་ལྟའི་འཚོ་བས་ཡིད་སེམས་ཁེངས་པར་བྱ། །

མ་འོངས་པ་ཡི་རྟོག་པས་མདུན་མི་བསུ། །

རང་ཤག་དཔེ་མང་སྤུངས་པའི་སྐྱེད་ཚལ་ནས། །

མ་རིག་རྨོངས་པའི་མུན་པ་སེལ་བ་ལ། །

ཁུ་སིམ་ལྷིང་འཇགས་ངང་ནས་བརྩོན་པར་བྱེད། །

༼ རི་སྤྱང་། ༽