ལོ་འདབ་གོས་གྱིས་དབུལ་བའི།།
སྡོང་པོ་སྒྲེན་མོར་ལུས་དུས།།
ཚང་མལ་སྡོང་འགོར་བཅས་པའི།།
བྱེའུ་ཆུང་སེམས་ཁུང་སྟོང་འགྲོ།།
སྟོན་ཟླ་མཇུག་མའི་དུས་ལ།།
ལྷོ་འགྲོ་ངང་བ་གཞོན་ནུ།།
མཚོ་མཐའ་བསྐོར་ནས་བཞུད་ན།།
ངང་མོས་མིག་ཆུ་ཤོར་འགྲོ།།
སྟོན་མཇུག་ཁ་བའི་འདབ་མ།།
ས་ཆེན་པང་བར་འཐོར་དུས།།
སེམས་པ་རྒྱང་ལ་ཕྱོགས་པའི།།
གཞོན་པའི་ཡི་ག་སྟོང་འགྲོ།།
སྟོན་དགུན་བ་མོའི་ཟིལ་བ།།
རྟ་སྟན་གླང་སྟན་འདྲ་བར།།
གོ་ལའི་སྒལ་བར་གླན་དུས།།
མི་སེམས་གྲང་བ་ཁྲོམ་ཁྲོམ།།
སྟོན་མཇུག་སྣང་བ་འཁྱམ་པོ།།
ཙག་དང་རླུང་གིས་དེད་ནས།།
དགུན་གཞུང་རིང་མོའི་ཕྱོགས་སུ།།
གོམ་ཁ་མགྱོགས་ལེན་བྱས་སོང་།།
དུས་ཀྱི་རྡོག་སྒྲ་མགྱོགས་པས།།
དུས་ཚིགས་རེས་མོ་རེས་འཁོར།།
དུས་ཀྱི་སོ་ཁར་ལྷུང་བའི།།
དུས་ཚོད་དེ་ལས་དེ་མགྱོགས།།
༼ གཡེར་མ། ༽