སེམས་པ་རླུང་གིས་འཁུར་བའི་སྟོན་མཇུག་ལ། །
ཉི་འོད་སྨུག་པས་བཟུང་བའི་དྲན་པ་ལྕི། །
མི་སེམས་འཁྱགས་པས་བསྡམས་པའི་ཡིག་འབྲུ་འགའ། །
དྲན་གདུང་སེམས་ནས་བརྡོལ་བའི་མཆི་མ་ཡིན། །
ནམ་ཟླའི་རླུང་ཁ་རྒོད་དུས་སྙན་ངག་འབྲི། །
སྟོན་མཚན་ཟླ་བའི་འོག་ནས་སྙན་ངག་འབྲི། །
རབ་གསལ་སྒེའུ་ཁུང་འགྲམ་ནས་སྙན་ངག་འབྲི། །
སྙན་ངག་ཡང་ཡང་བྲིས་ན་ཚོར་རླབས་འཕྱུར། །
ལས་ཀྱི་དར་སྐུད་སྐར་ཚོམ་དབུས་སུ་འཐེན། །
སེམས་ཀྱི་ཟབ་ས་ཞིག་ན་འོད་ཀྱིས་བཅིངས། །
ཕྱི་ཐག་དར་སྐུད་རིང་མོ་ལྷོད་ཀྱི་བསྲིང་། །
འདས་དོན་ལོ་རྒྱུས་རིང་མོ་ངང་གིས་་ཤོར། །
དགོང་ཆེན་ཉི་མས་ལ་མོ་དལ་གྱིས་བརྒལ། །
སྟོན་མཇུག་ནམ་ཟླ་སྐྱ་བོས་དྲངས་པ་ཡི། །
ཧ་ཅང་ཉམ་པའི་ཚོར་བ་ནར་མ་ཞིག །
མི་བཟོད་སེམས་ཀྱི་སྟེང་ནས་ཐོལ་གྱིས་འཕྱུར། །
འཇིག་རྟེན་སྒྱུ་མའི་སྣང་བ་རྨི་ལམ་ཙམ། །
ལན་རེར་དགའ་བའི་སྣང་བ་སྐྱིད་པོར་སེམས། །
ལན་རེར་སྐྱོ་བའི་མཆི་མ་སེམས་སུ་ལྷུང་། །
མི་ཚེ་དགའ་སྐྱོ་འདྲེས་མའི་དབྱངས་རྟས་གྲུབ། །
ལང་ལོང་འཕྱུར་བའི་ཆར་སྤྲིན་ནག་པོའི་འོག །
བསིལ་བསིལ་ལྡང་བའི་རླུང་བུ་ཡང་མོ་ཞིག །
ཟམ་ཟིམ་འབབ་པའི་གྲུ་ཆར་བསིལ་མོ་ནང་། །
སྨྲེང་བའི་ཚོར་བ་ཞིག་གིས་དབྱངས་འདི་འཐེན། །
སྣང་བའི་སྤྲིན་དཀར་ལེབ་མོ་ཡར་ལ་ལྡང་། །
ཞོགས་པའི་ཟིལ་བས་གོས་ཀྱི་འདབ་མ་བརླན། །
ཕར་སོང་ལོ་ཟླར་དེ་རིང་སྐྱེལ་མ་ཞུས། །
མ་འོངས་རེ་སྨོན་རང་སེམས་དག་པས་བསུས། །
དབྱར་གྱི་དཔལ་ཡོན་དགུང་གི་འཇའ་ལྟར་ཡལ། །
ནོར་འཛིན་སྒེག་མོའི་ལང་ཚོ་སད་ཀྱིས་བཅོམ། །
གང་དུ་བལྟས་ཀྱང་སྐྱོ་ཉམས་ཡོངས་སུ་མངོན། །
དུས་ཚིགས་འདི་ཉིད་སྙིང་ལ་གཟན་པ་ལ། །
༼ མེ་ཆར། ༽