ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ10ཚེས31ཉིན་གློག་འཕྲིན་འབྱོར་གསལ། སྤྱི་ཟླ11ཚེས1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་21པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་དགོས》ཞེས་པ་བཀོད་ཡོད་པ་རེད།
རྩོམ་ཡིག་ནང་བསྟན་དོན། ལས་ཞུགས་ནི་ཆེས་གཞི་རྩའི་དམངས་འཚོ་ཡིན་ཞིང་། མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་། དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ། རྒྱལ་ཁབ་ཡུན་རིང་བདེ་འཁོད་བཅས་དང་འབྲེལ་བ་ཡོད་པས་རང་རེའི་ཏང་གིས་གནད་དོན་དེར་སྔ་ས་ནས་མཐོང་ཆེན་པོ་བྱེད་ཀྱི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་དུས་རབས་གསར་པའི་ལས་ཞུགས་ལས་དོན་གྱི་ཆོས་ཉིད་ལ་ངོས་འཛིན་ཟམ་མི་ཆད་པར་ཟབ་ཏུ་བཏང་ནས་ཉམས་མྱོང་མང་པོ་བསགས་ཡོད། དེའི་ནང་གཙོ་བོ་ཏང་གིས་ལས་ཞུགས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། ལས་ཞུགས་དེ་དམངས་འཚོའི་རྩ་བར་བརྩི་རྒྱུ་མཐའ་འཁྱོངས། ལས་ཞུགས་སྔོན་ལ་འཇོག་པའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས། འཕེལ་རྒྱས་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏང་རྒྱུ་མཐའ་འཁྱོངས། ལས་ཞུགས་བྱེད་མང་དུ་གཏོང་བ་དང་ལས་ཞུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་གཉིས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་མངོན་གསལ་དོད་སར་འཇོག་རྒྱུ་མཐའ་འཁྱོངས། ལས་གཏོད་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱ་རྒྱུ་མཐའ་འཁྱོངས། དྲང་གཞག་གི་ལས་ཞུགས་ཁོར་ཡུག་གཏོད་རྒྱུ་མཐའ་འཁྱོངས། ཞི་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་རྒྱུ་མཐའ་འཁྱོངས་སོགས་ཚུད་ཡོད་པ་རེད། ཉམས་མྱོང་འདི་དག་ཧ་ཅང་རྩ་ཆེན་ཡིན་པས་ཡུན་རིང་རྒྱུན་འཁྱོངས་དང་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་དགོས།
( པར་ངོས་གཉིས་པར་གཟིགས།)
