སྤྱི་ཟླ11པའི་ཚེས4ནས་ཚེས7ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་དཀར་མཛེས་ཁུལ་གྱི་འཐུས་མི་ཚོགས་པ་སྣེ་ཁྲིད་དེ་ཀྲེ་ཅང་ཞིང་ཆེན་གྱི་ཧང་ཀྲོའུ་གྲོང་ཁྱེར་དང་ཅིན་ཧྭ་གྲོང་ཁྱེར། ཐའེ་ཀྲོའུ་གྲོང་ཁྱེར་སོགས་སུ་སློབ་སྦྱོང་དང་རྟོག་ཞིབ་གནང་ཞིང་། མཉམ་ལས་སྤེལ་རེས་དང་ཁ་གཏད་རོགས་སྐྱོར། ས་གནས་གསུམ་གྱི་འདུ་ཤེས་གསར་པ་དང་བྱེད་སྟངས་གསར་པ། ལས་སྟངས་ཡག་པོ་དང་ཉམས་མྱོང་བཟང་པོ་བཅས་ལ་སློབ་སྦྱོང་བྱས་པ་རེད།
ཧང་ཀྲོའུ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་གྱི་འགོ་འཛིན་ཡའོ་ཀའོ་ཡོན་དང་། ཅིན་ཧྭ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་གྱི་འགོ་འཛིན་ཀྲང་ཅན། ཐའེ་ཀྲོའུ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་གྱི་འགོ་འཛིན་ཧྲེན་མིང་ཆོན་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས་པ་རེད།
ཧང་ཀྲོའུ་གྲོང་ཁྱེར་ཨ་ལི་པ་པ་ཚོགས་པ་དང་ཧའེ་ཁང་ཝུའེ་ཧྲེ་གློག་རྡུལ་ཚད་ཡོད་སྤྱེ་གཉེར་ཁང་། ཐའེ་ཀྲོའུ་གྲོང་ཁྱེར་ཀླད་ཆེན་འཁོར་སྐྱོད་ལྟེ་གནས་བཅས་སུ་འཐུས་མི་ཚོགས་པས་གློག་རྡུལ་ཚོང་དོན་དང་། རིག་ནུས་ཟོག་འགྲེམས། སྨན་བཅོསAI གྲོང་ཁྱེར་ཁྱབ་ཁོངས་བཅོས་སྐྱོང་སོགས་ཀྱི་ཉམས་མྱོང་དང་བྱ་ཐབས་ལ་རྟོག་ཞིབ་བྱས་པ་རེད།
ཧྥུང་ཧྥ་ཀུའེ་ཡིས་འབྲེལ་མཐུད་མཉམ་ལས་གཏིང་ཟབ་ཏུ་གཏང་དགོས་པ་དང་། ཁུལ་ཡོངས་ཀྱི་སློབ་གསོ་འཕྲོད་བསྟེན་གྱི་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་ཚོགས་ཆེན་གྱི་སྙིང་དོན་དོན་འཁྱོལ་ནན་ཏན་བྱས་ཏེ་གྲངས་གཞིའི་སྨན་བཅོས་འཛུགས་སྐྲུན་ལ་ཤུགས་རྒྱག་པ་དང་། ཁུལ་གྱི་སྨན་བཅོས་ལྟེ་གནས་བསྐྲུན་པ། སྨན་བཅོསAIཚོད་ལྟ་བྱེད་པ། དྲྭ་ཐོག་དང་དྲྭ་ཕྱི་གཞི་གཅིག་ཅན་གྱི་ཞབས་ཞུ་མངོན་འགྱུར་བཅས་བྱས་ཏེ། མཐོ་སྒང་གི་ནད་གྲལ་བཤེར་དང་འགོག་བཅོས་ནུས་པ་ཆེ་རུ་གཏང་དགོས་པ་དང་། དཀར་མཛེས་མ་ལག་གི་འདུས་གྲུབ་སྟེགས་བུ་མུ་མཐུད་ལེགས་སུ་གཏང་དགོས་པ་བཅས་བཏོན་པ་རེད།
ཧྥུང་ཧྥ་ཀུའེ་ཡིས་འདུ་འགོད་ཁྲི་སྟོང་གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱད་ནས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བཅངས་པ་དང་།རང་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་པ། ཐོན་ཁུངས་ཀྱི་རང་སྤུས་ལ་གཞི་ཚུགས་པ། བསྡུར་གཞི་ཡོད་པའི་ལེགས་ཆ་འདོན་སྤེལ་དང་ཡུལ་གྱི་ཐོན་རྫས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་ལ་ཞིབ་འཇུགས་དང་གོ་བ་གཏིང་ཟབ་ལེན་པ། རིག་གནས་ཡུལ་སྐོར་དང་དྭངས་གཙང་ནུས་རྒྱུ། ཁྱད་ལྡན་ཞིང་འབྲོག་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པ། ཐོན་ལས་དང་པོ་དང་གཉིས་པ་གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་བཏང་སྟེ། ཡུལ་བབ་དང་བསྟུན་ནས་བདེ་སྡོད་ལས་སྤྲོ་དང་མཛེས་སྡུག་ལྡན་པའི་གྲོང་སྡེ་བསྐྲུན་ཏེ་ཁྱོན་ཡོངས་ནས་ཡུལ་སྡེ་དར་རྒྱས་འགྲོ་བར་སྐུལ་འདེད་གཏང་དགོས་ཞེས་ནན་གསུང་གནང་བ་རེད།།
( བདེ་སྐྱིད་ཀྱིས་བསྒྱུར།)