བསྟུད་མར་ཉིན་མཚན600འབད་འཐབ་བྱས་པར་བརྒྱུད་ཁུལ་འགྲིམ་འགྲུལ་དང་གྲོང་ཁྱེར་མ་འཇོག་ཚོགས་པ་རྣམ་གྲངས་ཀྱི་དོ་བདག་ཡིན་པའི་ངོས་ནས་འཛུགས་སྐྲུན་དང་དོ་དམ་བྱེད་པའི་རྒྱལ་ལམ318པའི་ལམ་ཐིག་གི་ཉག་ཆུ་ཁའི་མཚམས་བརྒལ་ལམ་ཐིག་གི་སྤུས་ཚད་མཐོར་གཏོང་དང་སྒྱུར་བཀོད་ལས་གྲྭའི་ཕུག་ལམ་གཉིས་པ་སྤྱི་ཟླ11ཚེས6ཉིན་བདེ་བླག་ངང་ཕུག་ཐུབ་པ་དང་།དེ་ནི་དར་མདོ་ནས་ཉག་ཆུ་ཁའི་བར་གྱི་མཉམ་འབྲེལ་བཀོད་འདོམས་པུའུ་ཡིས་བདག་གཉེར་དོ་དམ་བྱེད་པའི་ཕུག་ལམ8ཚང་མ་ཕུག་ཐུབ་ཡོད་པ་རེད།
ཉག་ཆུ་ཁའི་ཕུག་ལམ་གཉིས་པ་དེ་ཉག་ཆུ་རྫོང་གི་ཆུ་ཁ་གྲོང་རྡལ་དུ་གནས་པ་དང་སྤྱིའི་རིང་ཚད་ལ་སྨི1297.5ཡོད་པ་དང་།ཕུག་ལམ་གཅིག་ལ་འཁོར་ལམ་གཉིས་ཡིན་པའི་རིམ་པ་གཉིས་པའི་གཞུང་ལམ་གྱི་ཕུག་ལམ་དུ་ཇུས་འགོད་བྱས་པ་རེད། ཕུག་ལམ་དེའི་ཨར་ལས་ཀྱི་ཆ་རྐྱེན་ཧ་ཅང་རྙོག་འཛིང་ཆེ་ཞིང་དཀའ་ཚེགས་ཆེ་བ་དང་། ལག་རྩལ་གྱི་བླང་བྱ་མཐོ་བ་བཅས་ཡོད་པས་ལས་རིགས་གཙོ་གཉེར་སྡེ་ཚན་དང་ཉག་ཆུ་རྫོང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་ཚོགས་པ་སྤྱི་གཉེར་ཁང་གི་བཀོད་འདོམས་པུའུ་ཡིས་སྒྲིག་འཛུགས་ཞིབ་ཚགས་དང་། ཚན་རིག་དང་མཐུན་པའི་དོ་དམ། གཅིག་གྱུར་མཐུན་སྦྱོར་བཅས་བྱས་ཏེ་ཨར་ལས་བྱེད་ཐབས་རྒྱུན་ཆད་མེད་པར་ལེགས་སུ་བཏང་ཞིང་། ནུས་ལྡན་གྱི་བྱ་ཐབས་སྣ་ཚོགས་སྤྱད་དེ་དཀའ་ངལ་ཁྱད་བསད་ཀྱིས་ཕུག་ལམ་བདེ་བླག་ངང་ཕུག་ཐུབ་པར་འགན་ལེན་བྱས་པ་རེད།
ཕུག་ལམ་དེ་བདེ་བླག་ངང་ཕུག་ཐུབ་པ་དེས་རྒྱལ་ལམ318ལམ་ཐིག་གི་ཉག་ཆུ་ཁའི་མཚམས་བརྒལ་ལམ་ཐིག་གི་སྤུས་ཚད་མཐོར་གཏོང་དང་སྒྱུར་བཀོད་ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་འགྲོ་སྐྱོད་ཀྱི་གནོན་ཤུགས་ཆུང་ངུར་གཏོང་བ་དང་། ཁྲོན་བོད་ཞིང་ལྗོངས་གཉིས་ཀྱི་འགྲིམ་འགྲུལ་ལམ་དྲྭ་འཐུས་སྒོ་ཚང་དུ་ཕྱིན་པར་མ་ཟད། ཡུལ་དེ་གའི་འགྲིམ་འགྲུལ་གནས་ཚུལ་ལེགས་སུ་ཕྱིན་ཏེ་གྲོང་ཡུལ་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་ཐེབས་ཤིང་། ལམ་རྒྱུད་དང་ཡུལ་དེ་གའི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་འགྲོ་བར་སྐུལ་འདེད་དང་ས་ཁོངས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་སྔར་བས་སྐུལ་མ་ཐེབས་པ་བཅས་མཚོན་ཡོད་པ་རེད།།
( ལྷ་འཛོམས་ཀྱིས་བསྒྱུར།)