( པར་ངོས་དང་པོར་མཐུད།)
རྩོམ་ཡིག་ནང་ནན་བཤད་བྱས་དོན། སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་རྒྱུ་ནི་དུས་རབས་གསར་པའི་རྒྱང་ལམ་གསར་པའི་ལས་ཞུགས་ལས་དོན་གྱི་ངེས་གནས་གསར་པ་དང་འགན་འཁྲི་གསར་པ་རེད། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། ངལ་རྩོལ་པའི་རང་བརྟེན་ལས་ཞུགས་དང་། ཁྲོམ་རས་ལས་ཞུགས་སྙོམས་སྒྲིག་བྱེད་པ། སྲིད་གཞུང་གིས་ལས་ཞུགས་ལ་སྐུལ་འདེད་གཏོང་བ། ལས་གཏོད་ལ་ལྕག་སྐུལ་བྱེད་པ་བཅས་ཀྱི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་བསྟར་བ། ལས་ཞུགས་ཀྱི་སྤུས་ཚད་མཐོ་རུ་ནུས་ལྡན་གཏོང་བ་དང་གྲངས་འབོར་ལུགས་མཐུན་ངང་འཕར་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་བ། རྒྱ་ཆེའི་ངལ་རྩོལ་པའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་སྐྲུན་པ་དང་མི་རིགས་བསྐྱར་དར་རླབས་པོ་ཆེའི་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས།
རྩོམ་ཡིག་ནང་བསྟན་དོན། ལས་ཞུགས་སྔོན་ལ་འཇོག་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས་ཤིང་། བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་ཏེ། སྔར་བས་རང་རྟོགས་ཀྱི་སྒོ་ནས་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་པ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་འགྲོའི་དམིགས་ཚད་དུ་བརྩི་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་དེ་ལས་ཞུགས་ཀྱི་སྤུས་ཚད་མཐོར་གཏོང་དང་ཁྱབ་རྒྱ་ཆེར་གཏོང་བརྒྱུད་རིམ་དུ་འགྱུར་བར་བྱས་ཏེ་འཕེལ་རྒྱས་ཀྱིས་ལས་ཞུགས་སྐུལ་ཁྲིད་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། གྲུབ་ཆའི་རང་བཞིན་གྱི་ལས་ཞུགས་འགལ་བ་ཐག་གཅོད་ནན་པོ་བྱེད་དགོས་ཤིང་། མི་ཤུགས་ཐོན་ཁུངས་ཀྱི་མཁོ་སྤྲོད་དང་དགོས་མཁོ་དོ་སྙོམས་མེད་པ་ནི་མིག་སྔར་རང་རྒྱལ་གྱི་ལས་ཞུགས་ཁྱབ་ཁོངས་ལ་འཕྲད་པའི་འགལ་བ་གཙོ་བོ་ཞིག་རེད། འགལ་བ་དེ་ཐག་གཅོད་བྱེད་པའི་འགག་རྩ་ནི་བྱང་ཚད་ལེགས་པ་དང་། སྤྱི་འབོར་འདང་ངེས། གྲུབ་ཆ་ལེགས་སྒྱུར། ཁྱབ་ཚུལ་ལུགས་མཐུན་བཅས་ཀྱི་དེང་རབས་ཅན་གྱི་མི་ཤུགས་ཐོན་ཁུངས་མྱུར་པོ་བསྐྲུན་རྒྱུར་ཐུག་ཡོད། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་རྒྱབ་སྐྱོར་གྱི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། མཐོ་སློབ་ཀྱི་སློབ་ཐོན་སློབ་མ་སོགས་ན་གཞོན་ཚོགས་སྤྱི་ལས་ཞུགས་ཐུབ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་ཐབས་མང་མཉམ་སྤྱོད་ཀྱིས་ཞིང་པ་ལས་མིའི་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་། དབུལ་སྒྲོལ་མི་འབོར་གྱི་ངལ་ནུས་གཞི་ཁྱོན་དང་ངལ་ནུས་ཡོང་འབབ་བརྟན་དུ་གཏོང་བ། ལོ་ན་བགྲེས་པ་དང་། དབང་པོ་སྐྱོན་ཅན། ལས་ཀ་ཤོར་ནས་དུས་ཡུན་རིང་ཙམ་སོང་བ་སོགས་ལས་ཞུགས་ལ་དཀའ་ངལ་ཡོད་པའི་ཚོགས་སྤྱིར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། དམག་ཞབས་ཐིམ་པའི་དམག་མི་དང་བུད་མེད་སོགས་ཚོགས་སྤྱིའི་ལས་ཞུགས་ལས་དོན་ལེགས་པར་སྒྲུབ་པ་བཅས་བྱེད་དགོས། ལས་ཞུགས་ཀྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་དགོས་ཤིང་། མི་ཤུགས་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་གང་ལེགས་འདོན་པ་དང་སྲིད་གཞུང་གི་ནུས་པ་དེ་བས་ལེགས་པའི་ངང་བཏོན་ཏེ་ལས་ཞུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། ལས་ཞུགས་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་བ། ལས་ཞུགས་གྲུབ་ཆ་ལེགས་སུ་གཏོང་བ་བཅས་ལ་ཚོད་འཛིན་བཟོ་བའི་ཐོགས་ས་དང་འགག་སའི་གནད་དོན་སེལ་རྒྱུར་ཤུགས་སྣོན་དགོས། ངལ་རྩོལ་པའི་ཁེ་དབང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། ངལ་རྩོལ་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། སྟབས་བསྟུན་ལས་ཞུགས་དང་ལས་ཞུགས་ཀྱི་རྣམ་པ་གསར་པའི་ངལ་རྩོལ་པའི་ཁེ་དབང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཞུགས་ཐད་ཀྱི་མཐོང་ཆུང་དང་། གླ་ཆ་འགྱངས་ཆད་དམ་འགན་བཅོལ་དངུལ་ཆད་པ། ཁྲིམས་འགལ་ངང་ལས་མི་ཉུང་འཕྲི་སོགས་བྱེད་པའི་སྣང་ཚུལ་ཟང་ཟིང་རིགས་བཅོས་སྒྲིག་ནུས་ལྡན་བྱེད་དགོས།
རྩོམ་ཡིག་ནང་བསྟན་དོན། ལས་ཞུགས་ནི་ཁྱིམ་གྱི་དོན་དག་ཡིན་ལ་རྒྱལ་ཁབ་ཀྱི་དོན་དག་ཀྱང་དེ་བས་ཡིན། རིམ་ཁག་ཏང་ཨུ་དང་སྲིད་གཞུང་གིས་ལས་ཞུགས་དེ་དམངས་འཚོའི་དོན་ཆེན་དང་པོར་བརྩིས་ནས་དམ་འཛིན་བྱས་ཏེ་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། ལམ་ལུགས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལས་ཀའི་མཉམ་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཀྲུང་གོའི་ལས་ཞུགས་ཀྱི་གཞུང་ལུགས་མ་ལག་མགྱོགས་པོ་བཙུགས་ཏེ། ཀྲུང་གོའི་ལས་ཞུགས་སྐོར་གྱི་གཏམ་རྒྱུད་ཡག་པོ་དང་ཧུར་ཐག་བརྗོད་ནས་ལས་ཞུགས་ཁྱབ་ཁོངས་སུ་རང་རྒྱལ་གྱི་རྒྱལ་སྤྱིའི་སྐད་ཆ་ཤོད་དབང་དང་ཤུགས་རྐྱེན་ཐེབས་ནུས་ཆེ་རུ་ནུས་ལྡན་གཏོང་དགོས། ( མི་དམངས་དྲ་བ་ནས་དྲངས།)