国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






༄༅།།སློབ་མའི་ལྟ་ཀློག་གི་ནུས་པ་སྐྱེད་སྲིང་བྱེད་ཐབས་མདོ་ཙམ་གླེང་བ།

གཅིག། བསླབ་དེབ་ཏུ་བསྟན་པའི་ལྟ་ཀློག།

གནད་བསྡུས།ཀྲུང་གོའི་སྤྱི་ཚོགས་གསར་པའི་སློབ་གསོའི་ཁ་ཕྱོགས་ལྟར་སློབ་མའི་ལྟ་ཀློག་གི་ནུས་པ་མཐོ་རུ་གཏོང་བའི་སློབ་ཁྲིད་སློབ་གསོ་སྤེལ་དགོས་པ་དང་།བསླབ་ཚན་ཚད་གཞི་ལྟར་ལྟ་ཀློག་སློབ་ཚན་དང་རང་ཀློག་སློབ་ཚན་མ་ཡིན་པའི་སྙན་རྩོམ་དང་སྒྲུང་རྩོམ།འགྱུར་རྩོམ་དང་གཏམ་རྒྱུད་སོགས་ཀློག་ཏུ་འཇུག་དགོས་པར་མ་ཟད།རྩོམ་ཡིག་ཡག་ཤོས་སོགས་སློབ་ཕྱིའི་ཀློག་དེབ་ཀྱང་མི་ཉུང་བ་ཞིག་ཀློག་ཏུ་འཇུག་དགོས།སློབ་མའི་ལྟ་ཀློག་གི་ནུས་པ་སྐྱེད་སྲིང་བྱེད་པ་ནི་སློབ་གསོའི་ཕྱོགས་ཡོངས་ནས་རྐང་རྩ་མཐོར་འདེགས་དང་རྨང་གཞི་སྲ་བརྟན་དུ་གཏོང་ཆེད་བཅས་ཡིན།

གནད་ཚིག། ལྟ་ཀློག། ནུས་པ། སྐྱེད་སྲིང་།

ལོ་རིམ་སོ་སོའི་བསླབ་དེབ་ཀུན་ཏུ་རང་ཀློག་སློབ་ཚན་དང་ལྟ་ཀློག་སློབ་ཚན།འགྱུར་རྩོམ་དང་སྒྲུང་གཏམ་གང་མང་བཀོད་པ་ནི་སློབ་མའི་ལྟ་ཀློག་གི་ནུས་པ་སྐྱེད་སྲིང་གཏོང་ཆེད་དང་།རང་འགུལ་གྱིས་དཔེ་ཆར་ལྟ་བའི་གོམས་གཤིས་གསོ་སྐྱོང་བྱ་ཆེད་ཡིན་མོད།སྐད་ཡིག་དགེ་རྒན་དག་གིས་མཛུབ་སྟོན་གྱི་ཚུལ་དུ་མ་ཡིན་པར་དེ་དག་གཟབ་རྒྱས་ཀྱིས་ཁྲིད་པ་ནི་སློབ་མའི་རང་འགུལ་ངང་ལྟ་ཀློག་བྱེད་པའི་ནུས་པ་བཅོམ་སོང་ལ།རང་སྟོབས་རང་སྤེལ་གྱི་དཔེ་ཀློག་གི་རང་གཤིས་ཀྱང་ཉམས་དམས་སུ་བཏང་བ་རེད།སློབ་ཁྲིད་ཁྲོད་ནས་སློབ་མར་ལྟ་ཀློག་གི་དུས་ཚོད་སྟེར་དགོས་ལ།ལྟ་ཀློག་གི་ནུས་པ་སྐྱེད་སྲིང་བྱེད་ཆེད་རང་ཀློག་སློབ་ཚན་སོགས་རང་འགུལ་གྱིས་ཡང་ཡང་བཀླག་ཏུ་འཇུག་དགོས།

སྐད་ཡིག་ནི་ཁྲིད་ཚན་གཞན་པ་ལོ་སྲིད་ས་གསུམ་དང་།སྐྱེ་དངོས་རྫས་གསུམ་དག་ལ་འཇུག་པའི་སྒོ་ཡིན་པས།སྦྱང་བྱ་མཐའ་དག་ལས་གཙོ་རྒྱུག་གི་སྦྱང་བྱ་ཡིན་ཕྱིན་སྐད་ཡིག་དགེ་རྒན་དག་གིས་སྐར་གྲངས་ལེན་ཐབས་ཁོ་ནར་མི་གཞོལ་བར་ཞུ།སྦྱང་བྱ་ཡི་གེའི་རྣམ་གཞག་ནས་སློབ་མར་ནན་ཏན་གྱིས་ཁྲིད་རྒྱུ་དམིགས་སུ་བཟུང་སྟེ།མིང་གི་དག་ཆ་དང་ཚིག་གི་སྦྱོར་སྟངས་ཤེས་པར་དག་ཡིག་དང་ཚིག་ཕྲད་ཀྱི་སྦྱོར་ཚུལ་ལེགས་པར་ཁྲིད་ཅིང་འབད་དུ་བཅུག་ནས།སློབ་ཕྱིའི་དཔེ་དེབ་གང་ཞིག་ཀློག་ན་དཀའ་ངལ་མེད་པ་དང་།སྐད་ཡིག་དང་འབྲེལ་བའི་ཁྲིད་ཚན་གཞན་ལ་ཐོགས་མེད་དུ་འཇུག་ཐུབ་པའི་རྨང་གཞི་བརྟན་པོ་ཞིག་འཇོག་དགོས།

སྔོན་བྱོན་དམ་པ་དག་གི་ངག་ནའང་འབྲི་ཀློག་གཉིས་ནི་ཡོན་ཏན་ཀུན་གྱི་གཞི་ཞེས་པ་ལྟར་སྐད་ཡིག་གི་རྨང་གཞི་ནི་འབྲི་དང་ཀློག་ལ་ཐུག་པས་ན།སློབ་ཆུང་གི་སྐབས་འབྲི་ཀློག་གི་རྨང་གཞི་བརྟན་པོ་ཞིག་ཡོང་བར་འབད་དགོས།ལྷག་པར་དུ་སློབ་ཆུང་ལོ་རིམ་དང་པོ་ནས་ཚིག་སྒྲིག་སྟངས་དང་སྐད་ཆ་བཤད་ཚུལ་གཙོ་བོར་མི་འཛིན་པར།དབྱངས་གསལ་མགོ་འདོགས་དང་སྔོན་རྗེས་མིང་གསུམ་གྱི་སྦྱོར་སྟངས་ལེགས་པར་བསླབ་དགོས།ང་ཚོས་སྐར་གྲངས་མཐོར་འདེགས་གཏོང་ཐབས་ཙམ་ལ་འབད་དེ་སྦྱང་བྱ་ཡི་གེའི་རྣམ་གཞག་སོགས་ལ་གོམས་པར་མ་བྱས་པར་སྦྱོར་ཚུལ་ཚིག་ཕྲད་ཀྱི་སྦྱོར་བ་སློབ་པ་ལྟ་བུ་ནི་སྐར་གྲངས་མཐོར་འདེགས་གཏོང་སྟངས་མ་འགྲིག་པས་ཐབས་དེ་རིགས་སྤང་དགོས་སྙམ།

གཉིས། བསླབ་དེབ་ཏུ་མ་བསྟན་པའི་ཀློག་དེབ།

སློབ་མའི་ལྟ་ཀློག་གི་ནུས་པ་སྐྱེད་སྲིང་དང་གསོ་སྐྱོང་བྱས་ཏེ།དཔེ་ཀློག་ལ་དགའ་མོས་ཡོད་པའི་འདུན་པ་སྤེལ་དགོས་ལ།སློབ་སྦྱོང་གི་འཚོ་བའི་ཁྲོད་དཔེ་ཆ་ཀློག་འདོན་ནི་འཚོ་བ་དང་ཁ་མ་བྲལ་བའི་གོམས་གཤིས་ཤིག་ཏུ་གསོ་སྐྱོང་བྱེད་དགོས།རྒྱུ་མཚན་ནི་བསླབ་ཚན་ཚད་གཞི་ལྟར་སློབ་ཕྱིའི་ཀློག་འདོན་གྱི་དཔེ་དེབ་གང་མང་ཞིག་ངོ་སྤྲོད་བྱས་པ་བརྒྱུད་ནས་བཀླག་ཐུབ་དགོས་པ་དང་།ཀློག་འདོན་གྱི་དམིགས་ཚད་ལྟར་ཚིག་སྦྱོར་དང་དཔེ་མཚོན་བཀོད་ལུགས།མངོན་བརྗོད་དང་མིང་ཚིག་གི་སྦྱོར་ཚུལ་དག་བཀོལ་སྟངས་ལ་སྦྱང་བ་བྱེད་དུ་བཅུག་ནས་རྩོམ་ཡིག་གི་སྐར་གྲངས་ཚད་ལྡན་ཞིག་ལེན་ཐུབ་པར་འབད་དགོས།རྒྱུ་མཚན་ནི་ཕུལ་དུ་བྱུང་བའི་རྩོམ་པ་པོ་ཞིག་བྱ་འདོད་ན་ཕུལ་དུ་བྱུང་བའི་ཀློག་པ་པོ་ཞིག་ངེས་པར་ཡིན་དགོས་ཞེས་པ་ལྟར།སློབ་མའི་ལྟ་ཀློག་ནུས་པ་མཐོ་རུ་འདེགས་དགོས་ན་ངེས་པར་དུ་རྩོམ་ཡིག་ཡག་ཤོས་མང་པོར་ལྟ་ཀློག་བྱེད་པའི་ནུས་པ་དང་གོམས་གཤིས་སྐྱེད་སྲིང་བྱ་དགོས།

སྤྱིར་བོད་ཡིག་ནི་སྐད་ལ་བརྟེན་ནས་བཟོས་པས་སྒྲ་སྦྱོར་ཡི་གེ་ཡིན་ལ།སྦྱར་བྱ་ཡི་གེའི་སྦྱོར་ཚུལ་སྒྲ་དག་གསལ་གསུམ་གྱིས་ཀློག་ཐུབ་པ་བྱུང་ན་ཚིག་གི་ཕྲེང་བར་སྤེལ་བའི་ཡི་གེ་བཀླག་ཐུབ་ལ།དེ་ཡང་ངག་ནས་ཡང་ཡང་བཀླགས་ཤིང་སྐྱོར་ན་རིམ་གྱིས་དོན་གོ་ཞིང་ཚིག་ངེས་ཐུབ།གུང་ཐང་བསྟན་པའི་སྒྲོན་མེས་དོན་གྱི་རྒན་པོ་ཚིག་གི་འཁར་བ་ལ།།བརྟེན་ཕྱིརགཞུང་ཚིག་བློ་འཛིན་མི་བྱེད་པར།།དཔེ་ཀློག་ཙམ་དང་ངག་སྒྲོས་ཐན་ཐུན་གྱིས།།ཉིན་རེར་འགྲོ་ཐབས་དེས་ཀྱང་མི་ཕན་པས།།དཔེ་འཛིན་སྐྱོར་སྦྱངས་ཡུན་དུ་གྱིས་ཤིག་ཨང་།།ཞེས་པ་ལྟར་རྒྱུན་དུ་དཔེ་ཀློག་བྱེད་དགོས་པ་བསྟན་ཡོད་ལ།ཀློག་པའི་སྐབས་སུ་ཚིག་དོན་ལ་ནན་གྱིས་བསམ་དགོས་པའང་བསྟན་ཡོད་པས།བསླབ་དེབ་ཏུ་མ་བསྟན་པའི་སློབ་ཕྱིའི་དཔེ་དེབ་གང་མང་ཞིག་ལ་ལྟ་ཀློག་ཡང་ཡང་བྱེད་དུ་བཅུག་ནས་ལྟ་ཀློག་གི་ནུས་པ་སྐྱེད་སྲིང་བྱེད་དགོས།

གསུམ། ཀློག་སྐྱོར་གནད་ལ་འཁེལ་དགོས།

དཔེ་ཀློག་ནི་ནེ་ཙོའི་འདོན་པ་ལྟ་བུ་མ་ཡིན་ལ།ཚིག་ཡང་ཡང་སྐྱོར་བའི་གནད་ཀྱི་མཆོག་ནི་དོན་ལ་གོ་བ་ལེན་པ་དེ་ཡིན་ལ།དེ་ཡང་གུང་ཐང་བསྟན་པའི་སྒྲོན་མེའི་ཞལ་ནས།གཞུང་ཚིག་མང་དུ་བཟུང་ནས་བསྐྱར་ན་ཡང་།།དོན་ལ་མི་སེམས་རིམ་གྲོའི་ཆོས་ཀློག་དང་།།ནེ་ཙོའི་འདོན་པ་ལྟ་བུ་བརྒྱ་ཚར་གྱིས།།བརྗོད་བྱའི་གནད་ལ་སྒྲོ་འདོགས་མི་ཆོད་པས།།དོན་ལ་བརྟག་དཔྱད་ཟབ་མོ་གྱིས་ཤིག་ཨང་།།ཞེས་གསུངས་པས་ཀྱང་དཔེ་ཀློག་གི་དམིགས་ཡུལ་ནི་ཚིག་དོན་གཉིས་ཀ་ངེས་དགོས་པའི་གནད་དེ་བསྟན་ཡོད་པར་མ་ཟད།དཔེ་ཀློག་གི་ནུས་པས་ཤེས་བྱ་རྒྱ་ཆེར་བསྐྱེད་རྒྱུ་བསྟན་ཡོད།

དཔེ་ཀློག་བྱེད་སྐབས་སྒྲ་དག་གསལ་གསུམ་ལྡན་དགོས་པར་མ་ཟད།ཚིག་གི་འབྲུ་གནོན་པ་རུས་སྦལ་གྱི་འགྲོས་དང་།དཀྱུས་ཀྱི་ས་ཆོད་པ་སྟག་མོའི་མཆོང་།མཇུག་གི་དོན་བསྡུ་བ་སེང་གེ་འགྱིང་ལྟ་བུ་ཞེས་གསུངས་པ་ལྟར་གཅོད་མཚམས་ངེས་མིན་དང་།སྒྲ་གདངས་དག་མིན།འབྲུ་གསལ་མིན་བཅས་ལ་གཟབ་དགོས།ཀློག་པའི་སྐབས་སུའང་སྒྲ་མཐོ་བས་ཀློག་པ་དང་།རན་ཙམ་གྱིས་ཀློག་པ།མུག་ཀློག་བྱེད་པ་བཅས་ལ་བྱང་དགོས།ལྷག་པར་དུ་མགྱོགས་དལ་རན་པའམ་མགྱོགས་མོས་ཀློག་པ་བཅས་གང་བྱས་ཀྱང་ཐོགས་པ་མེད་པར་བྱ་དགོས།གང་ལྟར་དཔེ་ཀློག་ལ་གོམས་པར་བྱས་ཏེ་ཀློག་པའི་གདངས་དེ་དོན་གྱི་གནད་ལ་འཁྱོལ་བ་ཞིག་ཡོང་ཐུབ་པར་འབད་རྒྱུ་གལ་ཆེ།

མདོར་ན།སློབ་མ་ཚད་ལྡན་ཞིག་གསོ་སྐྱོང་དགོས་ན།དཔེ་ཀློག་ལ་གོམས་ཤིང་སློབ་སྦྱོང་ལ་དགའ་བའི་འདུན་པ་གསོ་སྐྱོང་དང་།བཙན་སྐུལ་དང་བཙན་འདེད་མ་ཡིན་པར་རང་འགུལ་གྱིས་དཔེ་ཀློག་དང་སློབ་སྦྱོང་ལ་བརྩོན་པའི་སེམས་ཁམས་དྭངས་མ་ཞིག་སྐྱེད་སྲིང་བྱེད་རྒྱུ་ཤིན་དུ་གལ་ཆེའོ།།

མཇུག་གཏམ།

སློབ་མའི་ལྟ་ཀློག་གི་ནུས་པ་མཐོར་འདེགས་སུ་གཏོང་བ་ནི་དཔེ་ཀློག་ལ་དགའ་བ་དང་།དཔེ་ཆ་ཀློག་པ་ནི་སློབ་སྦྱོང་གི་འཚོ་བའི་གོམས་གཤིས་སུ་ཆགས་པར་གསོ་སྐྱོང་བྱས་ནས།ཐོས་བསམ་དང་ཤེས་ཡོན་གྱི་ཚད་གཞི་འཕེལ་རྒྱས་སུ་གཏོང་བར་རམ་འདེགས་དང་།སེམས་ཁམས་སོགས་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཕན་ནུས་ཡོད་པས་ན་དེ་ལྟར་འབད་དགོས་སོ།།

(རྔ་བ་ཁུལ་མཛོད་དགེ་རྫོང་ལྷ་མོ་སློབ་འབྲིང་།དགེ་འདུན་རྒྱ་མཚོ། 阿坝州若尔盖县纳木中学 更登降措)