国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཞིང་གི་བསྟན་བཅོས་སོ་ནམ་རྒན་པའི་ལག་རྗེས་ཞེས་པའི་ཚན་པ་འབྲུ་རིགས་སྨིན་པའི་བདུད་རྩི་ལུད་ཀྱི་རྒྱུན་ཤེས་རྩ་ཆེན།

ཁ་ལུད་འགྲེམ་པ་ཞེས་པ་ནི་ལོ་ཏོག་སྐྱེ་བཞིན་པའི་སྒང་དུ་ཞིང་ལ་ལུད་བཀྲམ་ནས་སྐྱེ་བའི་བརྒྱུད་རིམ་དུ་ལོ་ཏོག་ལ་ལུད་བཅུད་དགོས་མཁོ་ཆེས་ཆེ་བའི་དུས་དང་ལུད་ཀྱི་ནུས་པ་ཐོན་ཆེ་ཤོས་ཀྱི་དུས་སུ་ལུད་བཅུད་ཁ་གསབ་བྱེད་པ་སྟེ། དཔེར་ན་ལུད་ཆུ་དང་བསྲེས་ནས་ཞིང་ལ་བཀྱེ་པ་ལྟ་བུ། ལུད་སོན་འདེབས་པ་ཞེས་པ་ནི་ས་བོན་དང་མཉམ་དུ་བསྲེས་ནས་བཏབ་པ་དང་ས་བོན་གྱི་ཐོག་ཏུ་ལུད་ཀྱིས་འགེབས་པ་ལྟ་བུ། དེ་དག་ནི་གཙོ་བོ་བ་ཐག་གིས་འཚོ་བཅུད་བསྡུ་ལེན་བྱེད་དགོས་པ་ལ་བརྗོད་པ་ཡིན། གཞན་ལྗང་ལུད་མཆེད་པ་ཞེས་ལོ་མས་བསྡུ་ལེན་བྱེད་པ་ལ་བརྟེན་ནས་ལུད་བཅུད་གསོ་བ་སྟེ་ལུད་ཁུ་ལོ་ཏོག་གི་ལྗང་པར་མཆེད་པ་ལྟ་བུའང་ཡོད། དེ་དག་ལས་སྟབས་བདེ་ཞིང་སྤྱོད་མང་པ་ནི་འོག་ལུད་བཀྲམ་པ་ཡིན་ཞིང་དེ་ནི་མཐོ་སྒང་ཡུལ་དུ་སྐྱེ་པའི་འབྲུ་རིགས་ནས་སོགས་ལ་ཆེས་མཐུན་པ་དེའང་ཡིན། ལོ་ཏོག་གི་སྐྱེ་རིམ་དུ་དུས་མི་འདྲ་བ་ལུད་ཀྱི་དགོས་མཁོ་མི་འདྲ་བས་ལུད་འགྲེམ་སྐབས་ལོ་ཏོག་སྐྱེ་རིམ་ཡོངས་རྫོགས་ཀྱི་དགོས་མཁོ་ལ་བསམ་མནོ་གཏང་དགོས་པར་མ་ཟད། ད་དུང་དུས་རིམ་སོ་སོའི་དགོས་མཁོ་དང་ཡང་བསྟུན་ནས་འགྲེམ་ཚུལ་མི་འདྲ་བ་རྣམས་ཕན་ཚུན་ཟུང་འབྲེལ་བྱས་ཏེ་སྤྱད་ན་ཕན་ཐོགས་ཆེ་བ་དང་མ་རྩ་ཆུང་བ་དང་འབྲས་བུ་བཟང་བ་སོགས་ཀྱི་དགེ་མཚན་འབྱུང་ཐུབ།

སྤྱིར་བཏང་ལོ་ཏོག་ཕལ་མོ་ཆེ་ལ་མཚོན་ན་ལུས་གཟུགས་ཆེན་པོར་སྐྱེ་བཞིན་པའི་སྒང་གི་འཚོ་བཅུད་དགོས་མཁོ་ནི་ཐོག་མ་མྱུ་གུ་འབུ་པའི་སྐབས་དང་མཐའ་མར་འབྲས་བུ་སྨིན་པའི་སྐབས་ལས་ཆེ་བ་ཡིན། ལོ་ཏོག་འཚར་ལོངས་ཡོང་བའི་བརྒྱུད་རིམ་དུ་འཚོ་བཅུད་དགོས་མཁོ་ལ་གལ་འགངས་ཤིན་ཏུ་ཆེ་བའི་འགག་རྩའི་དུས་ཚིགས་དམིགས་བསལ་བ་གཉིས་ཡོད་པ་ལ། གཅིག་ནི་ལོ་ཏོག་རྣམས་ལ་སྐྱེ་པའི་གོ་རིམ་དུ་དུས་ནམ་ཞིག་ན་འཚོ་བཅུད་གང་ཞིག་དགོས་མཁོའི་གྲངས་ཀ་མི་མང་ཡང་དགོས་པ་ཧ་ཅང་ཆེ་བ་སྟེ། གལ་ཏེ་སྐབས་དེར་མ་འདང་བར་གྱུར་ན་སྐྱེས་སྟོབས་རྒྱས་པར་གནོད་པ་མངོན་གསལ་དོད་པོ་འབྱུང་ཞིང་དེ་ལས་ཐོན་པའི་གྱོང་རྒུད་རྗེས་སུ་འཚོ་བཅུད་དེ་ཉིད་ཁ་གསབ་བྱས་པས་ཀྱང་བསྐྱར་གསོ་བྱེད་མི་ཐུབ་པའི་དུས་ཤིག་ཡོད་ཅིང་། དེར་ལོ་ཏོག་གི་འཚོ་བཅུད་འགྱུར་མཚམས་ཀྱི་གནས་ཞེས་ཟེར་བཞིན་ཡོད། འཚོ་བཅུད་གཞི་རྒྱུ་མི་འདྲ་བའི་འགྱུར་མཚམས་ཀྱི་གནས་མི་འདྲ་ལ་ལོ་ཏོག་མི་འདྲ་བའི་གཞི་རྒྱུ་གཅིག་པའི་འགྱུར་མཚམས་ཀྱི་གནས་ཀྱང་མི་འདྲ་སྟེ། དཔེར་ན། ལོ་ཏོག་ཕལ་མོ་ཆེ་ལ་མཚོན་ན་གཞི་རྒྱུ་ལིན་གྱི་འགྱུར་མཚམས་གནས་ནི་མྱུ་གུ་འབུ་པའི་སྐབས་སུ་མངོན་པ་དང་གཞི་རྒྱུ་ཏན་གྱི་འགྱུར་མཚམས་གནས་ནི་ལིན་ལས་ཅུང་ཕྱི་བ་ཡོད་པ་ལྟ་བུ། གཞན་ཞིག་ནི་ལོ་ཏོག་ལ་སྐྱེ་པའི་གོ་རིམ་དུ་ནམ་ཞིག་ན་འཚོ་བཅུད་དགོས་ཚད་ཆེས་མང་བ་དང་། བསྡུ་ལེན་བྱེད་པ་ཆེས་མགྱོགས་པ། བསྡུ་ལེན་བྱས་པའི་འཚོ་བཅུད་ཀྱིས་ནུས་པ་ཆེ་ཤོས་སུ་འདོན་པའི་དུས་ཤིག་ཡོད། དེ་ལ་ལོ་ཏོག་གི་འཚོ་བཅུད་ཀྱི་ཕན་ཐོགས་ཆེ་ཤོས་ཀྱི་དུས་ཞེས་ཟེར་བཞིན་ཡོད། དེའི་སྐབས་སུ་ལོ་ཏོག་འཚར་ལོངས་ཀྱི་བར་དཀྱིལ་སྐྱེ་སྟོབས་ཀྱི་དཔའ་འབར་བའི་དུས་སུ་སླེབས་ཡོད་སྲིད། ཕྱི་ནས་བལྟས་ན་ལུས་གཟུགས་ཆེ་ཤིན་ཏུ་མགྱོགས་ཤིང་། ལོ་ཏོག་ལ་ལུད་ཀྱི་ཕན་ནུས་མངོན་གསལ་ལྷག་པར་དོད་པ་ཡིན། ལོ་ཏོག་མི་འདྲ་བ་ལ་གཞི་རྒྱུ་མི་འདྲ་བའི་འཚོ་བཅུད་ཕན་ཐོགས་ཆེ་ཤོས་ཀྱི་དུས་ཀྱང་མི་འདྲ། དུས་རིམ་དེ་གཉིས་ནི་ལོ་ཏོག་ལ་འཚོ་བཅུད་གསོ་བ་དང་ལུད་འགྲེམ་པ་ལ་དུས་འགག་རྩ་ཆེ་བ་གཉིས་ཡིན་ལ། ལོ་ལེགས་ཡོང་བ་ལ་ལོ་ཏོག་གང་དེའི་འཚོ་བཅུད་དགོས་མཁོའི་ཁྱད་ཆོས་དང་བསྟུན་ནས་དུས་དེ་ཉིད་དུ་ཁ་གསབ་བྱེད་འོས་པ་རེད།

དགྲམ་བྱའི་ལུད་ཀྱི་རིགས་ལ་གཙོ་བོ་རང་བྱུང་ལས་ཐོན་པའི་སྐྱེ་ལྡན་གྱི་ལུད་དང་མིས་སྡེབ་སྦྱོར་བྱེད་པའི་རྫས་འགྱུར་ལུད་གཉིས་ཡོད།

སྐྱེ་ལྡན་ལུད་ནི་མི་དང་དུད་འགྲོའི་གཅིན་སྐྱག་དང་རྩྭ་ལྡུམ་རུལ་བ་སོགས་ཏེ། དེར་ལོ་ཏོག་ལ་དགོས་པའི་འཚོ་བཅུད་གཞི་རྒྱུ་ཚད་མང་ཉུང་ཚང་མ་ཕུན་སུམ་ཚོགས་པ་འདུས་པར་མ་ཟད། ད་དུང་ས་ཞིང་གི་སྐྱེ་ལྡན་རྫས་བཅུད་ཁ་གསབ་དང་འཕེལ་རྒྱས་གཏོང་བ་དང་། ས་ཞིང་གི་དངོས་ལུགས་དང་རྫས་འགྱུར་གྱི་གནས་ཚུལ་ཇེ་བཟང་དུ་གཏང་བ་སོགས་ཞིང་ས་ཇེ་ལེགས་དང་ཇེ་གཤིན་དུ་གཏང་བའི་ཐད་ནས་རྫས་འགྱུར་ལུད་ཀྱིས་འཐུས་ཚབ་བྱེད་ཐབས་མེད་པའི་ནུས་པ་དམིགས་བསལ་བ་ལྡན་ཡོད། སེམས་ཅན་རིགས་ཀྱི་གཅིན་སྐྱག་ཏུ་གཞི་རྒྱུ་ཅཱ་ཡི་ཕན་ཐོགས་ཚད་བརྒྱ་ཆ་ལྔ་བཅུ་ནས་བརྒྱད་ཅུ་དང་ལིན་གྱི་ཕན་ཐོགས་ཚད་བརྒྱ་ཆ་ཉེར་ལྔ་ནས་ལྔ་བཅུ་ཡི་བར་དུ་སླེབས་ཐུབ།

མི་སྐྱག་ནི་འཚོ་བཅུད་འདུས་ཚད་མཐོ་ལ། གཞི་རྒྱུ་ཏན་མང་ཞིང་ལིན་དང་ཅཱ་ཉུང་བ། རུལ་བདེ་བ་ཞིག་སྟེ། དེར་ཧ་ལམ་བརྒྱ་ཆ་བདུན་ཅུའི་ཡན་གྱི་ཆུ་དང་བརྒྱ་ཆ་ཉི་ཤུའི་ལྷག་གི་སྐྱེ་ལྡན་དངོས་པོ་འདུས་ཤིང་། གཙོ་བོ་ཚི་སྣའི་རྒྱུ་དང་། ཚི་སྣའི་རྒྱུ་ཕྱེད་ཀ། ཚིལ་བུ། ཚིལ་སྐྱུར། སྤྲི་དཀར། ཨེམ་རྨང་སྐྱུར། རྩབས། བཤང་མཁྲིས་རྒྱུ། མདོག་རྒྱུ་སོགས་སྐྱེ་ལྡན་རྫས་ཆ་དང་། ཟི་འགྱུར་ཆིང་། སྐྱུར་ང་སོགས་དྲི་ངན་རྫས་ཆ། སེལ་སྐྱུར་ཚྭ། ལིན་སྐྱུར་ཚྭ། ཁིལ་འགྱུར་རྫས་སོགས་གཏེར་རྫས་ལ་སོགས་རྫས་ཆའི་རིགས་མང་པོ་ཡོད། རྒྱལ་ཁབ་ཀྱིས་ལུད་ལ་རིམ་པ་ཕྱེ་ཚུལ་ལྟར་བྱས་ན་རིམ་པ་དང་པོར་གཏོགས་པ་ཡིན། དེ་བཞིན་མིའི་གཅིན་པར་ཡང་སྐྱེ་ལྡན་རྫས་དང་ཏན། ལིན། ཅཱ་སོགས་རྫས་ཆ་མང་པོ་འདུས། གསོག་འཇོག་བྱེད་པའི་གོ་རིམ་དུ་གཙོ་བོ་གཞི་རྒྱུ་ཨིན(NH3)འཕྲོ་བརླག་ཏུ་མི་ཤོར་བ་དང་སྐམ་པོར་མི་འགྱུར་བར་བྱེད་པ་གལ་ཆེ། དེ་བས་ལུད་དོང་ཁ་འགེབས་པ་དང་། ས་ཞིབ་མོ། རྩྭ་སོག། གད་སྙིགས། ཤིང་ལོ་སོགས་དང་མཉམ་དུ་བསྲེས་ནས་ལུད་ཕུང་སྤུངས་ན་དེ་དག་རུལ་སླ་བ་དང་། ལུད་སྟོབས་འཕེལ་བ། ཨིན་འཕྲོ་བརླག་ཏུ་མི་ཤོར་བ་སོགས་ལ་ཕན། མིའི་གཅིན་སྐྱག་རུལ་ཟིན་པ་རྣམས་འོག་ལུད་དང་ཁ་ལུད་སོགས་བྱེད་ཆོག། ལུད་ཕུང་དུ་བསོགས་པ་རྣམས་ཕལ་ཆེར་འོག་ལུད་བྱེད་ལ། ཁ་ལུད་བྱེད་པ་ལ་ལྡབ་གསུམ་བཞི་བཞི་ལྔ་ཙམ་མང་པའི་ཆུ་ལ་བསྲེས་ནས་མཆེད་དགོས། གལ་ཏེ་གར་ཆེས་སོང་ན་ལོ་ཏོག་ལ་ལའི་ལོ་མ་དང་ལྗང་བུ་བསྲེག་པའི་ཉེན་ཁ་ཡོད། ལོ་ཏོག་གི་རིགས་ལ་མཚོན་ན་མིའི་གཅིན་སྐྱག་གིས་ལོ་ཏོག་གི་རིགས་སྤྱི་ལ་ཕན་པ་བཟང་པོ་འབྱུང་ཞིང་། ལྷག་པར་ལོ་མ་ཅན་གྱི་ཚལ་རིགས་དང་། ཚི་སྣའི་རིགས་ཀྱི་ལོ་ཏོག། འབྲུའི་རིགས་ཀྱི་ལོ་ཏོག་རྣམས་འབྲས་བུ་བཟང་པོ་ཐོན། ཞིང་སའི་ཁྱད་ཆོས་དང་བསྟུན་ན་གཤོང་ས་དང་བུལ་ཚྭ་ཅན་ལས་གཞན་པའི་ཞིང་ཀུན་ལ་འཕྲད་ཅིང་། བྱེ་སའི་ཞིང་དུ་སྔ་ཕྱི་རིམ་པར་བྱས་ནས་བཀྲམ་ན་བཟང་། མིའི་གཅིན་སྐྱག་ལ་འཚོ་བཅུད་འདུས་ཚད་མཐོ་ཞིང་ནུས་པ་ཐོན་སླ་མོད། འོན་ཀྱང་སྐྱེ་ལྡན་རྫས་ཆ་ལིན་དང་ཅཱ་ཡི་འདུས་ཚད་ཉུང་བས་ཞིང་ས་འགྱུར་ལྡོག་བཏང་བ་ལ་ཕན་ཐོགས་ཆེན་པོ་མི་འབྱུང་། དེ་བས་སྐྱེ་ལྡན་ལུད་རྫས་གཞན་དང་བསྲེས་ནས་བེད་སྤྱད་པ་ལ་དོ་སྣང་བྱེད་དགོས། མིའི་གཅིན་སྐྱག་ཏུ་ནད་དུག་འགོས་པའི་ཧམ་སྤུ་དང་འབུ་སྲིན་ཡང་འདུས་པས་ལུད་གསོག་སྐབས་ཉི་མ་དྲུག་བདུན་རིང་ལ་ལུད་ཕུང་ནང་རོལ་དུ་དྲོད་ཚད་ཏུའུ་དྲུག་ཅུ་བདུན་ཅུར་སླེབས་ཐབས་བྱས་པའམ། ལུད་དོང་དུ་ཁ་དམ་པོར་བསུབས་ནས་བསྙལ་བའམ། སྨན་བཏབ་པ་སོགས་ཀྱི་ཐབས་ལ་བརྟེན་ནས་མི་ལེགས་པའི་ཆ་རྣམས་སེལ་འོས། ལུད་གསོག་པའི་བརྒྱུད་རིམ་དུ་སྐམ་པོར་བྱས་ན་ནད་རིགས་སྤེལ་བ་དང་ཁོར་ཡུག་སྦགས་བཙོག་བྱེད་པ། ཏན་གྱི་འདུས་ཆ་འཕྲོ་བརླག་འགྲོ་བ་དང་། རྩྭ་ཤིང་བསྲེགས་པའི་ཐལ་བ་དང་བསྲེས་ན་གཞི་རྒྱུ་ཨེམ་འཕྱུར་ནས་ཤོར་བ། ཕག་ལ་སྟེར་ན་མི་ཕྱུགས་གཉིས་ཀར་ཕོག་ཆོག་པའི་ནད་རིགས་འགོ་བ་སོགས་འགྱུར་སྟབས་གསོག་འཇོག་བྱེད་སྟངས་ལ་གནས་ལུགས་དང་བསྟུན་དགོས་པ་མང་ངོ་།།

ཤིང་རྒྱུ། སྤྲི་དཀར། སྐྱེ་ལྡན་སྐྱུར། རྩབས། སྐྱེ་མེད་ཚྭའི་རིགས་སྣ་ཚོགས་སོགས་འདུས་པ་དང་། གཅིན་པ་ལ་གཅིན་རྒྱུ་དང་གཅིན་སྐྱུར། ཅཱ་ནཱ་ཀལ་མཱེ་བཅས་ཀྱི་སྐྱེ་མེད་ཚྭ་རྣམས་འདུས། སྤྱིར་བཏང་སྒོ་ཕྱུགས་ཀྱི་རིགས་དང་། ལོ་ཚད། རྩྭ་གཟན་མི་འདྲ་བ་སོགས་ཀྱིས་གཅིན་བྲུན་དུ་འདུས་པའི་ལུད་བཅུད་ལ་ཁྱད་པར་ཆེན་པོ་འབྱུང་ལ། ཞིབ་འཇུག་བྱེད་མཁན་ཚོས་ཆ་སྙོམས་ཙམ་གྱིས་སྡོམ་རྩིས་བཀོད་པར་ལྟར་བྱས་ན། ཕག་བྲུན་ནི་གྲུབ་ཆ་ཅུང་ཞིབ་ཅིང་རུལ་ཐག་ཆད་རྗེས་བཅུད་ལྡན་གྱི་རྫས་ཆ་མང་པོ་འབྱུང་ཐུབ་པ་དང་། དྲོད་ཚད་དམའ་ཞིང་སྤུང་གསོག་བྱེད་སྐབས་ཚ་བ་འཕྱུར་རྒྱུ་ཉུང་པས་དྲོ་ལུད་དམ་ཡང་ན་འཁྱག་ལུད་ཀྱི་རིགས་སུ་གཏོགས། ཕག་བྲུན་གསར་པར་ཆ་སྙོམས་སུ་ཆུ་བརྒྱ་ཆ་བདུན་ཅུ་དང་། སྐྱེ་ལྡན་རྫས་བརྒྱ་ཆ་བཅོ་བརྒྱད། ཏན་བརྒྱ་ཆ་ཐིག་ཚེག་ལྔ་ལྔ། ལིན་བརྒྱ་ཆ་ཐིག་ཚེག་གཉིས་བཞི། ཅཱ་བརྒྱ་ཆ་ཐིག་ཚེག་གཉིས་དགུ་བཅས་དང་། ཕག་གཅིན་དུ་ཆུ་བརྒྱ་ཆ་གོ་བདུན་དང་། སྐྱེ་ལྡན་རྫས་བརྒྱ་ཆ་ཐིག་ཚེག་དགུ་བདུན། ཏན་བརྒྱ་ཆ་ཐིག་ཚེག་གཅིག་བདུན། ལིན་བརྒྱ་ཆ་ཐིག་ཚེག་ཐིག་གཉིས། ཅཱ་བརྒྱ་ཆ་ཐིག་ཚེག་གཅིག་དྲུག་བཅས་འདུས་ཡོད། རྟ་སྦངས་ནི་གྲུབ་ཆ་རྩིང་ཞིང་དབྱེ་ཕྲལ་བྱེད་མྱུར་ལ་སྤུང་གསོག་བྱེད་སྐབས་ཚ་བ་འཕྱུར་འབེལ་སྟབས་ཚ་ལུད་ཀྱི་རིགས་སུ་གཏོགས། ལུད་ཕུང་སྤུང་གསོག་བྱེད་སྐབས་འོག་གདན་དང་དྲོ་བྱེད་དུ་བཀོལ་ན་བཟང་། རྟ་སྦངས་གསར་པར་ཆ་སྙོམས་སུ་ཆུ་བརྒྱ་ཆ་བདུན་ཅུ་དང་། སྐྱེ་ལྡན་རྫས་བརྒྱ་ཆ་ཉེ་གཅིག། ཏན་བརྒྱ་ཆ་ཐིག་ཚེག་བཞི་བཞི། ལིན་བརྒྱ་ཆ་ཐིག་ཚེག་གཅིག་གསུམ། ཅཱ་བརྒྱ་ཆ་ཐིག་ཚེག་གསུམ་བརྒྱད་བཅས་དང་། རྟ་གཅིན་དུ་ཆུ་བརྒྱ་ཆ་གོ་གསུམ་དང་། སྐྱེ་ལྡན་རྫས་བརྒྱ་ཆ་གཉིས་ཚེག་གཅིག་གཉིས། ཏན་བརྒྱ་ཆ་ཐིག་ཚེག་དྲུག་དགུ། ལིན་བརྒྱ་ཆ་ཐིག་ཚེག་ཐིག་དྲུག། ཅཱ་བརྒྱ་ཆ་ཐིག་ཚེག་དྲུག་བརྒྱད་བཅས་འདུས་ཡོད། ར་ལུག་གི་རིལ་མ་ནི་གྲུབ་ཆ་ཞིབ་ཅིང་གྲུབ་སྟངས་ཚགས་དམ་ལ་སྐམ་པོ་ཤིན་ཏུ་ཚོ་པོ་སྟེ། སྤུང་གསོག་བྱེད་སྐབས་ཚ་བའི་འབེལ་ཚད་རྟ་སྦངས་དང་སྙི་བའི་བར་དུ་གནས་པས་ཚ་ལུད་དུ་གཏོགས། གསར་པའི་སྐབས་ལ་ཆ་སྙོམས་སུ་ཆུ་བརྒྱ་ཆ་རེ་ལྔ་དང་། སྐྱེ་ལྡན་རྫས་བརྒྱ་ཆ་སོ་གཉིས། ཏན་བརྒྱ་ཆ་གཅིག་ཚེག་ཐིག་གཅིག། ལིན་བརྒྱ་ཆ་ཐིག་ཚེག་གཉིས་གཉིས། ཅཱ་བརྒྱ་ཆ་ཐིག་ཚེག་ལྔ་གསུམ་བཅས་དང་། ར་ལུག་གི་གཅིན་དུ་ཆུ་བརྒྱ་ཆ་གྱ་བདུན་དང་། སྐྱེ་ལྡན་རྫས་བརྒྱ་ཆ་གཉིས་ཚེག་ལྔ་དགུ། ཏན་བརྒྱ་ཆ་ཐིག་ཚེག་ལྔ་དགུ། ལིན་བརྒྱ་ཆ་ཐིག་ཚེ་ཐིག་གཉིས། ཅཱ་བརྒྱ་ཆ་ཐིག་ཚེག་བདུན་བཅས་འདུས་ཡོད། སྙི་བ་ནི་གྲུབ་ཆ་ཞིབ་ཅིང་གྲུབ་སྟངས་ཚགས་དམ་ནའང་ཆུའི་ཆ་མང་བས་སྐྱེ་ལྡན་རྫས་དབྱེ་ཕྲལ་བྱེད་དཀའ་ཞིང་བསྙལ་ལངས་པའི་

དྲོད་ཚད་དམའ་ལ་འཁྱག་ལུད་རིགས་ཀྱི་དཔེ་མཚོན་ཅན་ཞིག་ཡིན། སྙི་བར་ཆ་སྙོམས་སུ་ཆུ་བརྒྱ་ཆ་གྱ་གསུམ་དང་། སྐྱེ་ལྡན་རྫས་བརྒྱ་ཆ་བཅོ་ལྔ། ཏན་བརྒྱ་ཆ་ཐིག་ཚེག་གསུམ་བརྒྱད། ལིན་བརྒྱ་ཆ་ཐིག་ཚེག་གཅིག། ཅཱ་བརྒྱ་ཆ་ཐིག་ཚེག་གཉིས་གསུམ་བཅས་དང་། ཟོག་གཅིན་དུ་ཆུ་བརྒྱ་ཆ་གོ་བཞི་དང་། སྐྱེ་ལྡན་རྫས་བརྒྱ་ཆ་གཉིས་ཚེག་བརྒྱད་དྲུག། ཏན་བརྒྱ་ཆ་ཐིག་ཚེག་ལྔ། ལིན་བརྒྱ་ཆ་ཐིག་ཚེ་ཐིག་གཉིས། ཅྰ་བརྒྱ་ཆ་ཐིག་ཚེག་དགུ་གཅིག་བཅས་འདུས་ཡོད་པར་བརྗོད། སྒོ་ཕྱུགས་ཀྱི་བྲུན་ནི་ཏན་དང་ལིན་དང་ཅཱ་ཚད་མཐོན་པོར་འདུས་པ་དང་གཅིན་ནི་ལིན་དང་ཅཱ་ཚད་མཐོན་པོར་འདུས་པའི་ལུད་ཡིན་ལ། དེ་ལས་ར་ལུག་གི་རིལ་མ་ལ་ཏན་ལིན་ཅཱ་གསུམ་པོ་འདུས་ཚད་ཆེས་མཐོ་བ་དང་། དེ་ནས་རིམ་བཞིན་ཕག་བྲུན་དང་རྟ་སྦངས་ཡིན་ལ་འདུས་ཚད་ཆེས་དམའ་བ་ནི་སྙི་བ་ཡིན། རྒྱལ་ཁབ་ཀྱིས་སྐྱེ་ལྡན་ལུད་ལ་རིམ་པ་ཕྱེ་ཚུལ་ལྟར་བྱས་ན་ཕག་བྲུན་དང་ར་ལུག་གི་རིལ་མ་རིམ་པ་གཉིས་པ་དང་། རྟ་སྦངས་དང་སྙི་བ་རིམ་པ་གསུམ་པར་གཏོགས། ཚ་ལུད་དང་འཁྱག་ལུད་ཅེས་པ་ནི་སྒོ་ཕྱུགས་རྟ་ཟོག་ར་ལུག་ཁྱི་ཕག་ཉ་བྱ་སོགས་ཀྱི་གཅིན་བྲུན་ལུད་དུ་སྤུང་གསོག་བྱེད་པའི་གོ་རིམ་དུ་ཚ་བ་ཐོན་ཚད་མང་ཉུང་མི་འདྲ་བ་ལ་བརྟེན་ནས་ཚ་བ་དྲོད་ཚད་མཐོན་པོ་ཐོན་པ་ལ་ཚ་ལུད་དང་། འབྲིང་འབྲིང་ཐོན་པ་ལ་དྲོ་ལུད། ཚ་བ་དྲོད་ཚད་ཉུང་ཉུང་མ་གཏོགས་མི་ཐོན་པ་ལ་འཁྱག་ལུད་ཅེས་མིང་བཏབ། དེ་ལྟར་ཕྱེ་བའི་དགོས་པ་ཡང་སོ་སོའི་ཁྱད་ཆོས་མི་འདྲ་བས་སྤུང་གསོག་བྱེད་སྟངས་དང་ཞིང་ལ་འགྲེམ་ཚུལ་སོགས་ཀྱང་མི་འདྲ་བ་བྱས་ན་ཕན་འབྲས་ཆེ་ཤོས་འབྱུང་ཐུབ་པ་སྟེ། དཔེར་ན་འཁྱག་ལུད་དུ་གཏོགས་པ་རྣམས་གྲུབ་ཆ་ཞིབ་ཅིང་གྲུབ་སྟངས་ཚགས་དམ་ལ་ཆུ་འདུས་མང་བ་དང་རུལ་ཡུན་རིང་ལ་དབྱེ་ཕྲལ་དཀའ་བ་ཡོད་ཅིང་། བྱེ་སའི་ཞིང་དུ་འོག་ལུད་དུ་བཀྲམ་ན་ལུད་རུལ་ཐག་ཆད་པ་དང་ཞིང་སའི་རླན་ཤས་འཛིན་པ་དང་ལུད་ཤེད་གསོག་པའི་ནུས་པ་ཇེ་ཆེར་འགྲོ་བ་ལ་ཕན་ཐོགས་ཆེ་བ་ལྟ་བུ་དང་། རྟ་སྦངས། རིལ་མ། བྱ་ལུད། རྩྭ་སོག་སྤུང་གསོག་བྱེད་པའི་ལུད་སོགས་ཚ་ལུད་དང་དྲོ་ལུད་རྣམས་སོབ་སོབ་ཏུ་གྱུར་ཅིང་བུ་ག་མང་། ཆུའི་ཆ་ཉུང་ཞིང་རླངས་པ་འཕྱུར་བདེ་བ། སྤུང་གསོག་བྱེད་སྐབས་དྲོད་ཚད་ཏུའུ་ལྔ་བཅུའི་ཡན་ལ་འཕར་ཐུབ་པ་སོགས་ཀྱི་ཁྱད་ཆོས་ལྡན་ཞིང་། བསྙལ་ནས་རུལ་ཐག་མ་ཆད་པ་ལོ་ཏོག་གི་བ་ཐག་ཉེ་འགྲམ་དུ་འབོལ་ཆེན་བླུག་མི་རུང་བ་ལྟ་བུ།

སྒོ་ཕྱུགས་ཀྱི་ལྷས་རའི་ལུད་ནི་སྒོ་ཕྱུགས་ཀྱི་གཅིན་སྐྱག་དང་ལུད་གདན། ཁ་སྙིགས་སོགས་མཉམ་དུ་བསྲེས་ནས་རུལ་དུ་བཅུག་པ་སྟེ། ལུད་གསར་པའི་བཅུད་ནི་སྐྱེ་ལྡན་གྱི་རྣམ་པར་གནས་ཤིང་ལོ་ཏོག་ཕལ་མོ་ཆེར་ལ་ཐད་ཀར་བེད་སྤྱད་མི་རུང་། ལུད་ཚད་ལྡན་དུ་གྱུར་རྗེས་དེར་ལོ་ཏོག་ལ་དགོས་པའི་བཅུད་ཚང་མ་འདུས་ཤིང་། རྒྱལ་ཁབ་ཀྱི་རིམ་པ་ཕྱེ་སྟངས་ལྟར་བྱས་པ་ལྷས་རའི་ལུད་ཚང་མ་རིམ་པ་གསུམ་པའི་གྲས་སུ་ཡོད། སྤྱིར་བཏང་ལུད་ཀྱི་གསོག་ཐབས་ལ་ལྷས་རའི་ནང་དུ་གསོག་ཐབས་དང་ལྷས་རའི་ཕྱིར་གསོག་ཐབས་གཉིས་སུ་ཡོད་ཅིང་། ལྷས་རའི་ནང་དུ་གསོག་པ་ལའང་ལྷས་ར་ན་ཁ་སྙིགས་དང་རྩྭ་སོག་སོགས་ལུད་གདན་བརྒྱབ་ནས་ཕྱུགས་ཀྱིས་གཅིན་སྐྱག་དང་མཉམ་དུ་འབོགས་ཏེ་རུལ་དུ་བཅུག་རྗེས་ཕྱིར་འཕོ་བ་དང་། ལྷས་རའི་ཟུར་དུ་དོང་བརྐོས་ནས་ཕྱུགས་ཟོག་གི་གཅིན་སྐྱག་ཆུས་དོང་དུ་དེད་ནས་བསོགས་པ་ལྟ་བུ་ཡོད། ཕྱིའི་གསོག་ཐབས་ལའང་རིམ་པ་རིམ་པ་གླན་ཏེ་དམ་པོར་མནོན་ཏེ་མཁའ་དབུགས་རྒྱུ་མི་ཐུབ་པར་སྤུངས་པ་དང་། དམ་པོར་མ་གནོན་པར་མཁའ་དབུགས་རྒྱུ་ཐུབ་པར་སྤུངས་ནས་རུལ་དུ་བཅུག་པ། དང་པོར་མ་གནོན་པར་སོབ་སོབ་ཏུ་སྤུངས་ནས་ཉིན་འགའི་རྗེས་སུ་དམ་པོར་གནོན་པ་སོགས་མི་འདྲ་བ་ཡོད། སྒོ་ཕྱུགས་ཀྱི་གཅིན་བྲུན་གསར་པ་ནས་རུལ་ཐག་ཆད་པའི་ལུད་དུ་གྱུར་བའི་བརྒྱུད་རིམ་ལ་ཧ་ལམ་མ་རུལ་པ་དང་། ཕྱེད་རུལ་བ། རུལ་ཐག་ཆད་པ་བཅས་དུས་རིམ་པ་མི་འདྲ་བ་གསུམ་དུ་ཕྱེ་ཆོག། མ་རུལ་པ་ནི་དབྱེ་ཕྲལ་མ་བྱེད་པའི་གཅིན་བྲུན་དང་ལུད་གདན་འདྲེས་མ་སྟེ། ཕྱིའི་རྣམ་པ་ལ་གཅིན་བྲུན་དང་ལུད་གདན་གྱི་རྣམ་པ་རྣལ་མ་མངོན་པ་དང་། ཕྱེད་རུལ་བ་ནི་ཕྱིའི་རྣམ་པ་ལ་ཁ་དོག་རྫ་མདོག་ཏུ་མངོན་པ་དང་། གྲུབ་ཆའི་རྣམ་པ་སྙི་མོར་གྱུར་པ། བམ་དྲི་ཐུལ་བ་བཅས་ཀྱི་ཁྱད་ཆོས་དོད་པ་དང་། རུལ་ཐག་ཆད་པ་ནི་ཁ་དོག་ནག་པོ་དང་། དབྱིབས་འདམ་མྱགས་རྣམ་པ། གཞི་རྒྱུ་ཨེམ་གྱི་དྲི་ངན་བྲོ་བ་སོགས་ཀྱི་ཁྱད་ཆོས་མངོན་པ་ལ་ཟེར། ༼ མུ་འགོད། ༽

( 《ཁམས་པའི་འཛུམ་མདངས།》སྤྱིའི་འདོན་ཐེངས་བཞི་བརྒྱ་ཞེ་བརྒྱད་པའི་པར་ངོས་གཉིས་པའི་འཕྲོར་མཐུད།)

སྒོ་ཕྱུགས་རིགས་ཀྱི་བྲུན་དུ་ཚི་སྣའི་རྒྱུ་དང་། ཚི་སྣའི་རྒྱུ་ཕྱེད་ཀ། ཚིལ་བུ། ལུད་ཀྱི་སྐོར་ལ་མིའི་རིགས་ཀྱིས་དེང་སང་ངོས་འཛིན་གསལ་པོ་བྱུང་ཡོད་པ་ནི། ཞིང་ལ་ལུད་བཀྲམ་པས་ལོ་ཏོག་གི་སྐྱེ་ཚད་དང་། འབྲུ་རིགས་ཀྱི་སྤུས་ཀ། ཞིང་སའི་རྒྱུ་དག་རྣམས་ཇེ་ལེགས་སུ་གཏང་ཐུབ་ཀྱི། ལུད་འགྲེམ་སྟངས་གནས་ལུགས་དང་མི་མཐུན་པར་གྱུར་ན་གནོད་པའང་ཆེན་པོ་འབྱུང་བ་སྟེ། དཔེར་ན། ལོ་ཏོག་གི་བོངས་ཇེ་ཉུང་། འབྲས་བུ་ཇེ་ཞན། ཞིང་སའི་ནུས་པ་ཇེ་སྡུག། དཔལ་འབྱོར་ཡོང་འབབ་ཇེ་དམའ་སོགས་སུ་འགྱུར་བར་མ་ཟད། ཚབས་ཆེན་པོར་གྱུར་ན་གྲོང་གསེབ་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གནོད་པ་ཐེབས་ཤིང་། དེས་ཞིང་ལས་འཕེལ་རྒྱས་དང་མིའི་རིགས་ཀྱི་དར་རྒྱས་ལའང་གནོད་པ་སྐྱེལ་ཐུབ་པ་ཞིག་རེད།

ཞིང་དུ་ལུད་འགྲེམ་སྟངས་ལ། འོག་ལུད་བཀྲམ་པ་དང་། ཁ་ལུད་འགྲེམ་པ། ལུད་སོན་འདེབས་པ། ལྗང་ལུད་མཆེད་པ་སོགས་མི་འདྲ་བ་ཡོད་ཅིང་། དེ་ལས་འོག་ལུད་བཀྲམ་ཞེས་པ་ནི་ལོ་ཏོག་ས་བོན་མ་བཏབ་གོང་ལ་ལུད་ཞིང་ངོས་སུ་བཀྲམ་པ་སྟེ། དེ་ལའང་ཞིང་པ་ཚོས་ལོ་ཏོག་གྲོ་ནས་འདེབས་སྐབས་བར་རྒྱུན་དུ་ཐོག་མར་ལུད་ཞིང་དུ་ཆ་སྙོམས་པར་བཀྲམ། དེ་ནས་ས་བོན་བཏབ། དེ་རྗེས་རྨོས་ནས་སོན་ལུད་གཉིས་ཀ་མཉམ་དུ་ས་འོག་ཏུ་གླན་པ་ལྟ་བུ་དང་། གྲལ་བསྒྲིགས་ནས་གདབ་དགོས་པའི་ལོ་ཏོག་ལ་རྨོས་ཟིན་པའི་ཞིང་ལ་འོབས་ཤུར་བརྐོས་ནས་དེར་ལུད་སྦས། དེའི་ཐོག་ཏུ་ས་བོན་བཏབ་པ་དང་། སྡོང་རྐང་རེ་རེ་བཞིན་དུ་གདབ་དགོས་པའི་ལོ་ཏོག་ལ་ས་བོན་གདབ་སར་ཐོག་མར་བུ་ག་བརྐོས་ཏེ་ལུད་བླུག་པ་དང་། ལྗོན་ཤིང་ལྟ་བུར་སྡོང་པོའི་ཉེ་འགྲམ་བསྐོར་ནས་ས་འོབས་བརྐོས་ཏེ་ལུད་བླུག་པ་སོགས་གདབ་བྱ་མི་འདྲ་བ་ལ་འགྲེམ་སྟངས་མི་འདྲ་བ་ཡོད།