国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལྕགས་ཟམ་ཁའི་རགས་ཆེན་གླིང་ནས་མཐོང་བའི་རྒྱལ་མོ་རྔུལ་ཆུ།

ཁམས་ཞེས་གྲགས་པའི་གསེར་ལྡན་ན།

ལྕགས་ཐག་རིན་ཆེན་གསེར་གྱིས་ཀྱང་།།

འགྲན་བྲལ་གནའ་ཤུལ་ལོ་རྒྱུས་ཅན།།

ལྕགས་ཟམ་རྫོང་གི་ཉེ་འགྲམ་གྱི།།

ཆུ་བོ་རྒྱལ་མོ་རྔུལ་ཆུ་ལ།།

ཚིག་གསུམ་ཞུ་འདོད་ཡོད་ན་ཡང་།།

གྲེ་བར་བསྐྱིལ་བའི་ཚུལ་བྱས་ཏེ།།

རེ་ཞིག་སྣང་མེད་བཞག་པ་ལ།།

སྤྲིན་དཀར་ལྷ་མོའི་མཆོད་ཆང་གིས།།

སྙིང་གི་ལྗོན་པ་རློན་གྱིས་བརླན།།

ཉམས་དང་སྣང་བས་མྱོས་པ་ལས།།

མ་བཤད་གཏམ་ཞིག་འདི་ལྟར་བརྡོལ།།

རྔམ་བརྗིད་ལྡན་པའི་ཆུ་བོ་འདིའི།།

རལ་པ་རྦ་རླབས་དགུང་ལ་འཕྱུར།།

ཁྲོ་གཉེར་དམར་ནག་མདངས་དང་ལྡན།།

དཔའ་བོ་གཡུལ་ལ་ཆས་པ་འདྲ།།

འཕྲུལ་གྱི་བཟོ་གྲྭ་ཚུགས་བྱེད་ཡིན།།

འདོད་དོན་ཀུན་འགྲུབ་གློག་གི་གཞི།།

རིན་ཆེན་སྒྲོན་མེ་འདི་ཡིས་སྦར།།

ཆུ་འདི་རིན་ཆེན་དང་པོ་ཡིན།།

ཆུ་བོ་འདི་ནི་ནོར་བདག་ཡིན།།

དངུལ་ལོ་རིན་ཆེན་འདི་ཡིས་སྦྱིན།།

འདོད་དགུ་འབྱུང་ལ་ཡིད་བཞིན་ནོར།།

རེ་འདོད་བསྐང་བའི་དཔག་བསམ་ཤིང་།།

ཁྱེད་རང་ཡོད་སའི་གནས་དེ་ན།།

རྩྭ་དང་རྩི་ཤིང་ཚང་ཚིང་འཁྲིགས།།

མེ་ཏོག་སྣ་བརྒྱ་མིག་གི་དཔྱིད།།

འབྲུ་རིགས་སྣ་ལྔས་དྲོད་ཁོལ་རྒྱས།།

རིག་པའི་འབྱུང་གནས་ཁྱེད་ཡིན་པས།།

དཔལ་ཡོན་གཞི་མའང་ཡིན་པར་གྲགས།།

ཁྱོད་རང་ཡོད་སའི་གནས་དེ་ན།།

ཁྲི་སྡེ་སྟོང་སྡེ་དར་བར་གྱུར།།

རླབས་སྒྲས་རི་ལུང་ལྗོན་པ་རྣམས།།

གཉིད་དུ་མ་འཇུག་ལྡེམ་ལྡེམ་གཡོ།།

གནམ་སར་བརྟེན་པའི་ཡོད་དགུ་རྣམས།།

ཁྱེད་ལ་བརྟེན་ནས་འཚོ་ཞིང་གནས།།

དེ་འདྲའི་རྒྱལ་མོ་རྔུལ་ཆུ་ཁྱོད།།

ཅི་འདྲའི་རླབས་ཆེན་ཡིན་ན་ཡང་།།

ས་ལ་གཞོལ་ནས་འབབ་པ་འདི།།

ཡ་རབས་དམ་པའི་གཤིས་སྤྱོད་བཞིན།།

འགྲན་ཟླ་བྲལ་བའི་སྟོབས་ཤུགས་དང་།།

ཐོགས་མེད་རྒྱུ་བའི་ནུས་རྩལ་བཅས།།

ཁྱོད་ལ་ལྡན་ཡང་གཉོམ་ཆུང་གིས།།

གཤིས་འཇམ་མཐུན་པའི་ལམ་ལ་འཇུག།

དུས་ཡུན་སྐད་ཅིག་ཙམ་ལ་ཡང་།།

གདོད་ནས་ངལ་གསོ་མེད་པ་ལ།།

ཉིན་མཚན་མེད་པའི་ལས་ཞུགས་པ།།

ཕུལ་བྱུང་ངལ་རྩོལ་པ་ཉིད་ཡིན།།

ཡ་མཚན་ཆེ་བའི་འབབ་ཆུ་འདི།།

བ་གམ་གཅིག་ཏུ་བརྩེགས་གྱུར་ན།།

ཟམ་འོག་འདུས་པའི་ཐབས་བཀོད་མེད།།

བར་སྣང་འཕྱུར་བའི་སྟོབས་ལྡན་ཡིན།།

མ་དྲོས་ཀླུ་དབང་མྱོས་པའི་གར།།

དར་གྱི་ཤམ་བུ་གཡོ་བའི་ཚུལ།།

ཉམས་དང་འགྱུར་བའི་རོལ་རྩེད་ཀྱིས།

ཡ་མཚན་ལྟད་མོ་མིག་གི་དཔྱིད།།

གངས་དཀར་ཏི་སེ་མཐོ་ན་ཡང་།།

ཇོ་མོ་གླང་རི་བརྗིད་ཀྱང་ཆོག།།

ཆུ་བོའི་སྟོབས་ཤུགས་བསྒྲིལ་གྱུར་ན།།

ཆ་ཙམ་ཕོད་ཚད་མེད་ངེས་སྙམ།།

གནམ་ས་བརྗེ་བའི་ཚན་རིག་པ།།

ཤེད་ཆེན་རྨེ་རུ་ཡིན་ཡང་ཆོག།

སྒྱུ་མའི་མིག་འཕྲུལ་ལྡན་པ་སོགས།།

སུས་ཀྱང་རབ་ཆོད་འོང་དཀའ་ཡང་།།

ཤུགས་ཆེན་ཡ་མེད་ཆུ་བོའི་ནང་།།

ཉ་མོ་རྣམས་ཀྱིས་འཁྱུག་འགྲོས་སུ།།

བག་ཡངས་རྒྱུ་བའི་ངང་ཚུལ་འདིས།།

རྟེན་འབྲེལ་བསླུ་མེད་མཚོན་པ་ཡིན།།

སྣ་བདུན་རིན་ཆེན་ཚང་ཚུལ་ནི།།

དགོས་འདོད་འབྱུང་བའི་ནོར་བུ་ཡིན།།

རེག་ན་བདེ་སྟེར་བཙུན་མོ་ཡིན།།

ཀུན་ལ་དབང་བསྒྱུར་བློན་པོ་ཡིན།།

ཡ་མེད་སྟོབས་ལྡན་གླང་ཆེན་ཡིན།།

ཐོགས་མེད་རྒྱུ་བའི་རྟ་མཆོག་ཡིན།།

འཇིགས་མེད་དང་ལེན་དམག་དཔོན་ཡིན།།

ཡང་ཡང་བསྐོར་བའི་འཁོར་ལོ་ཡིན།།

བཀྲ་ཤིས་རྟགས་བརྒྱད་ཚང་ཚུལ་ཡང་།།

བསིལ་རླུང་སྦྱིན་པས་གདུགས་ཀྱི་ལས།།

ངང་ཚུལ་མི་འགྱུར་དཔལ་བེའུ་ཡིན།།

རེ་བ་བསྐངས་བས་བུམ་པ་བཟང་།།

གཞན་གྱིས་མི་ཐུབ་རྒྱལ་མཚན་ཡིན།།

པདྨའི་མེ་ཏོག་སྐྱེད་བྱེད་ཡིན།།

གཤོག་དྲུག་ཉ་མོའི་རང་ཁྱིམ་དང་།།

དབྱིབས་མཛེས་དུང་དཀར་རང་འགྲུབ་ཡིན།།

ཐོགས་མེད་རྒྱུ་བའི་འཁོར་ལོ་བཅས།།

ལྕེ་བརྒྱ་སྤྲུལ་ནས་ཡོན་ཏན་རྣམས།།

བརྗོད་ཀྱང་ངལ་བའི་རྒྱུ་ཙམ་ལས།།

ཇི་བཞིན་གཞལ་བ་མི་ནུས་སྙམ།།

ཚེ་ཐག་སྲིང་བྱེད་བདུད་རྩི་མཆོག།

ནད་ལས་གྲོལ་བྱེད་སྨན་གྱི་མཆོག།།

འདོད་དགུ་འབྱུང་བའི་གཡང་གི་མཆོག།

དབུ་འཕང་མཐོ་བྱེད་རླུང་རྟ་མཆོག།

དགུན་ཆུ་གོས་དཀར་ལྷ་མོ་ཡིན།།

དབྱར་ཆུ་གཤིན་རྗེ་གཤེད་མ་ཡིན།།

སྟོན་ཆུ་དྭངས་གཙང་མེ་ལོང་ཡིན།།

སྣ་ཚོགས་ཉམས་ཀྱིས་ཕྱུག་པར་གྱུར།།

ཉེར་བཞིའི་དྲུག་པའི་ཚེས་པ་ནི།།

བཅུ་གཉིས་ཕྱི་དྲོའི་དུས་བཟང་ལ།།

ཆུ་བོ་རྒྱལ་མོ་རྔུལ་ཆུའི་འགྲམ།།

མགྲོན་དུ་ཆས་པའི་རྒན་བུ་དེས།།

ལྟ་བས་མི་ངོམ་རླབས་ལ་བལྟས།།

དཔྱད་པས་མི་ངོམ་རྟོག་རླབས་འཕྱུར།།

བསྒོམས་པས་མི་ངོམ་བརྗོད་པ་སྒྲས།།

ཕངས་སེམས་མེད་པར་གཟུགས་སུ་ཕབ།།

དགེའོ།། །།

༼ ལྕང་ཞབས་པ་འགྱུར་མེད་ཚེ་དབང་།༽

ཤར་གྱི་རྒྱལ་མོ་རྔུལ་ཆུ།ཉམས་བརྗིད་དང་ལྡན་པ།དམར་ནག་ཁམ་པའི་མདོག་དང་ལྡན་པ།དྲག་ཤུགས་ཀྱི་རྩལ་དང་ལྡན་པའི་འབབ་ཚུལ་དེ་སྣང་བས།ལྟད་མོར་གཡེང་བཞིན་ངའི་སེམས་ཀྱི་རྟོག་སྣང་གི་རྦ་རླབས་ཀྱང་འཕྱུར་བྱུང་།དེ་ཡང་།གུང་ཐང་ཚང་གིས།བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་ཅིག་ཨང་ཞེས་རྒྱུན་ཆད་མེད་པའི་བརྩོན་འགྲུས་བྱ་དགོས་ཚུལ་དང་།ཇོ་བོ་རྗེས།འབབ་ཆུ་ལ་བརྟེན་ནས་མི་རྟག་པ་རྟོགས་སླ་བ་འདུག་ཅེས།སྐད་ཅིག་སྐད་ཅིག་གིས་བཞུར་བའི་མི་བརྟན་ཞིང་མི་རྟག་དྲན་ཚུལ།མར་ཁེ་སིས།འབབ་ཆུ་གཅིག་གི་ཐོག་ཏུ་རྐང་པ་ལན་གཉིས་འཇོག་མི་ཐུབ་པ།འགྱུར་བའི་རང་བཞིན་གྱི་མཚན་ཉིད་རིག་པའི་ལྟ་གྲུབ་དང་།བརྩེ་མགུར་ཞིག་ལས།ཆུ་བོ་མར་འགྲོ་ཞིག་ལ།།བྲིས་པའི་ཡིག་ཆུང་བསྐུར་ཡོད།།ཉ་མོ་ཡར་འོང་ཞིག་ལ།།ཡིག་ལན་རེ་སྒུག་བྱས་ཡོད།།ཅེས་བརྩེ་དུང་མཚོན་པའི་སྙན་རྩོམ་དང་།ཡང་།ཀོ་བ་འཕྲེད་ལ་བཏང་པས།།ཆུ་མོ་གཞུང་ལ་འཁྱེར་སོང་།།ཀོ་བ་ཁོང་རང་ལས་འཕྲོ།།ཆུ་མོ་གཞུང་ལ་ཡོད་འགྲོ།།ཞེས་ལས་འཕྲོའི་ཤུགས་ཀྱིས་འདེད་པའི་དཔེ་དང་།ཆུ་ཁ་ཐོན་དུས་གྲུ་བ་བཙན་ཞེས་པ་དང་།ཆུ་ཁ་ཐོན་དུས་རྟ་ཁ་མ་འཐེན།ཞེས་ཆུ་དང་འབྲེལ་བའི་གཏམ་དཔེ་སོགས་མང་པོ་མང་པོ་ཞིག་དྲན་བྱུང་།དེ་དང་མཉམ་དུ་སྙན་ངག་གི་འཇིག་རྟེན་དུ་ཁྲིད་པའི་ཉམས་སྣང་།