国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཆ་ཡོད་སྤྲིན་པ་ མཉམ་འདྲེས།

ཤུགས་འབྱུང་འཁོར་བའི་བདེ་དགའ་བཞད་དང་ལྷན། །

བས་མཐའི་ཡུལ་དུ་མེ་ཏོག་མགོ་བསྙེས་བྱས། །

མི་ནི་མ་གཞི་ཁུ་སིམ་དཀྲོགས་མཁས་ཏེ། །

ཉམས་དགའི་དཔྱིད་དཔལ་རེས་འཕྲོག་རེས་ལྡེག་བྱེད། །

གནམ་ནི་དྭངས་འཐིབ་ཁྲི་འབུམ་བྲེལ་གྱིས་ཞོགས། །

ཡང་རླུང་ཡན་གར་པདྨའི་མགོ་ལྕོག་སྒུལ། །

འདང་བརྩེའི་ལྗོན་པ་གཡོ་ཟོལ་མི་འདུག་པ། །

དབེན་པའི་རི་སུལ་འཛོམས་ན་ལྷག་ཅིག་སྐྱིད། །

ནང་གི་ནམ་མཁའ་དཀར་ནག་ཅི་འཆར་བ། །

འབྲེལ་དང་མཆིས་མེད་ཇུས་གཏོགས་མི་དགོས་པས། །

ཡིད་ལ་བྱམས་པས་མི་བརྗེད་བཟི་ཁའི་གཏམ། །

དབེན་པའི་རི་ནས་ཐོས་ན་ལྷག་ཅིག་སྐྱིད། །

ལས་ཀྱི་འཕེན་པ་ནམ་རྫོགས་ཆ་མེད་ནས། །

ཆ་ཡོད་སྤྲིན་པ་མཉམ་འདྲེས་ལྷག་ཅིག་དཀའ། །

ཡོད་ཚད་སྟབས་ཀ་འགྲིག་པའི་རི་སུལ་ནས། །

ང་ལ་མ་ཚང་ནོམ་པ་མེད་དམ་སྙམ། །

ཕྱི་ཡི་ཆར་ཆུས་རས་གུར་རྩིགས་ལྡེབས་ནས། །

ནོག་པའི་རི་མོ་འཁྲུད་ཀྱིན་ས་རུ་ལྷུང་། །

ནང་དུ་བྱམས་པའི་དྲོད་ཀྱི་ཡན་ལག་རེ། །

ལུས་ཀྱི་རེག་བྱར་འཕྲད་ན་ཉམས་རེ་སྤྲོ། །

ཐེངས་གཅིག་ཡུལ་ལ་ལོག་པའི་ངང་ཚུལ་དེ། །

ཡིད་ནས་དྲན་ན་གློ་སྙིང་ཤུམ་འདར་བྱེད། །

མི་དེ་ལས་འཕྲོའི་བསྡུས་གཟུགས་མ་ཡིན་ན། །

སེམས་ཀྱི་ནམ་མཁའ་གཡོ་དོན་ཅིའི་ཕྱིར་ཡོད། །

༼ ཚོར་སྦྲང་། ༽