ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་ཁྱོན་ཡོངས་ནས་ཡག་པོ་བསྒྲུབ་ཆེད། ཁུལ་ཡོངས་ཀྱི་རིམ་ཁག་སྡེ་ཚན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དུས་སྐབས་མིན་པའི་དུས་ཚོད་དམ་དུ་འཛིན་ནས་སྒྲིག་ཆས་གསར་སྒྱུར་དང་མི་སྣ་གསོ་སྦྱོང་།ཚན་རྩལ་ནུས་འདོན་སོགས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་ཡག་པོ་བསྒྲུབ་པར་རྨང་གཞི་བརྟན་པོ་བཏིང་བ་རེད།
རྒྱུན་མཐུད་ནས་འགན་འཁྲི་ཏན་ཏིག་འཁུར་དགོས། ཐོག་མཐའ་བར་གསུམ་དུ་ནགས་ཚལ་དང་རྩྭ་ཐང་གི་མེ་ཉེན་དུས་བབ་ཀྱི་འགྱུར་ལྡོག་ལ་དམིགས་ཏེ་མེ་འགོག་དུས་སྐབས་མིན་པའི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ཚོགས་འདུ་སྔ་རྗེས་ཐེངས་གསུམ་འཚོགས་པ་དང་དྲོད་ཚད་མཐོ་བའི་དུས་མཚམས་སུ་ཁུལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ཆེད་དོན་བཀོད་སྒྲིག་བྱས་པ།སྔ་རྗེས་སུ་ཡིག་ཆ་པར་འགྲེམས་ཐེངས4དང་རྒྱལ་ཁབ་དང་ཞིང་ཆེན་ནགས་ཚལ་མེ་ཟོན་བཀོད་འདོམས་པུའུ་ཡི་ཡིག་ཆ་བརྒྱུད་སྤེལ་ཐེངས6བྱས་ནས་ཁུལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ལ་སླར་ཡང་བཀོད་སྒྲིག་དང་།དབྱར་དུས་དྲོད་ཚད་མཐོ་བའི་དུས་མཚམས་སུ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ལ་དྲན་སྐུལ་ཐེངས12བྱས། དངོས་འཐབ་ཅན་གྱི་འཁོར་སྐྱོད་བྱེད་སྟངས་སྤྱད་དེ་གཞུང་དོན་ཁང་གཅིག་དང་ཚོ་ཆུང་དྲུག་གི་བློ་མཐུན་དྲུག་གིས་ལས་བྲལ་གཅིག་སྡུད་ཐོག་ལས་སྒྲུབ་བྱས་ཏེ་གཅིག་གྱུར་ཇུས་འགོད་དང་ལས་བགོས་མཐུན་སྦྱོར་གྱིས་ལས་དོན་དོན་འཁྱོལ་ཡོང་བར་བསྐུལ་ཡོད། 《མེ་ཟོན་དུས་སྐབས་མིན་པའི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་མུ་མཐུད་ཡག་པོ་སྤེལ་བའི་བརྡ་ཐོ》བཟོས་ནས་བཀྲམ་སྟེ་རིམ་པ་དྲུག་པའི་འགན་ལེན་བ96715ལ་རྒྱུན་མཐུད་ངང་འགན་འཁྲི་ཏན་ཏིག་འཁུར་བར་བྱས།
འབྱུང་རྩ་ནས་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏང་དགོས།ཁུལ་ཡོངས་ཀྱི་མེ་ཟོན་སྟོབས་ཤུགས་ལ་སྤྱི་འདོམས་བྱས་ནས་མི་སྣ་མང་པོ་གཅིག་གྱུར་གྱི་ཚོད་ལྟའི་འཛུགས་སྐྲུན་འཚོལ་ཞིབ་ཧུར་ཐག་བྱས་ཏེ་དར་མདོ་གྲོང་ཁྱེར་དང་འདབ་པ་རྫོང་སོགས་དབྱར་དུས་ཀྱི་མེ་ཟོན་ལས་འགན་ཅུང་ལྕི་བའི་རྫོང(གྲོང་ཁྱེར)དང་གཙོ་གནད་ནགས་ཁུལ་གྱི་མེ་ཟོན་བྱང་བུ་ས་ཚུགས་ཁག་གཅིག་སོར་འཇོག་བྱས་པ་དང་།རི་སྐོར་ནགས་སྲུང་བ་དང་རི་སྐྱོད་བྱང་བུ་ས་ཚུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ།མེ་ཁུངས150ལྷག་གཞུང་བཞེས་བཏང་བ་དང་མི1200ལྷག་ཕྱིར་ལོག་བྱ་རྒྱུའི་ཁ་ཏ་བསླབ་བྱ་བྱས། གཙོ་གནད་ས་ཁོངས་དང་ཉེན་ཆེའི་དུས་མཚམས་སུ་སྔོན་འགོག་དང་ཚོད་འཛིན།དམ་འཛིན་ནན་པོ་བཅས་བྱས་ཡོད། ནགས་ཚལ་དང་རྩྭ་ཐང་གི་མེ་ཉེན་གནམ་གཤིས་རིམ་པ་དང་སྔོན་ཚུད་ཉེན་བརྡའི་ཞིབ་འཇུག་བརྡར་གཅོད་ཀྱི་མཇུག་བསྡོམས་དུས་ཐེངས12ཁྱབ་བསྒྲགས་བྱས། དྲོད་ཚད་མཐོ་བའི་གློག་འཁྱུག་ཐོག་རྒྱག་གི་གནམ་གཤིས་དབྱེ་ཞིབ་ཞིབ་འཇུག་བྱ་ཤུགས་ཆེ་རུ་བཏང་སྟེ་གློག་འཁྱུག་ཐོག་རྒྱག་གི་དུས་ཚོད་དང་།ཁ་ཕྱོགས།ཤུགས་ཚད་བཅས་ལ་གནད་ལ་འཁེལ་བའི་སྒོ་ནས་ལྟ་ཞིབ་ཚད་ལེན་བྱས་ཏེ་ཐོག་བརྒྱབ་པའི་མེ་སྐྱོན་གནས་ཚུལ8ཐག་བཅད་ཡོད།
མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་བྱ་དགོས། མེ་ཟོན་དུས་སྐབས་མིན་པའི་དུས་ཚོད་སྤྱད་དེ་ནགས་རྩྭ་སྲུང་བ་དང་དྲྭ་མིག་ཅན་སོགས་མི་སྣའི་ཆ་འཕྲིན་ཁྱོན་ཡོངས་ནས་དཔྱད་ཞིབ་དང་གསར་བརྗེས་བྱེད་པ་དང་།འབར་རྫས་མཛོད་དང་།སྣུམ་རྒྱུ་མཛོད།སྣུམ་སྣོན(རླངས)ས་ཚུགས་སོགས་དམིགས་ཚད་གཉིས་དང་། དུར་མཆོད་བསང་གཏོང་མཆོད་འབུལ་སོགས་གནས་མང་གྲངས་གཞིར་བསྐྱར་ཞིབ་བྱེད་པ།གཞི་རིམ་ལ་ནགས་ཚལ་དང་།ཆུ་ཁུངས།སྟོབས་ཤུགས་སྒྲིག་ཆས་སོགས་མེ་གསོད་རྒྱུ་རྐྱེན་རྒྱུས་མངའ་དང་ཁོང་དུ་ཆུད་པ་བྱ་རྒྱུ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཡོད། མེ་ཟོན་དུས་སྐབས་མིན་པའི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་དང་སྒྲིག་འགལ་ངང་ཕྱི་རོལ་དུ་མེ་སྤྱོད་པའི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་བ་དང་།ཨར་སྐྲུན་བྱ་ཡུལ་དང་གློག་སྐྱེལ་སྐུད་ལམ་སོགས་འགག་རྩའི་ཁུལ་ལ་དམིགས་ཏེ་ནགས་རྩྭ་དང་དཔལ་འབྱོར་ཆ་འཕྲིན་སོགས་སྡེ་ཚན་བསྡུས་ནས་རེས་སྐོར་གསུམ་ལ་ཁྱོན་ཡོངས་ལ་ཁྱབ་པའི་ལྟ་སྐུལ་ཞིབ་བཤེར་བྱས། རྩྭ་ངན་དང་ཡལ་ག་སྐམ་པོ་དང་ལོ་མ་ལྷུང་བ་སོགས་འབར་ཐུབ་པའི་དངོས་པོ་ཏུན1211མེད་པ་བཟོ་རྒྱུ་ཡིན་ཞིང་། སྔོན་དཔག་བྱས་ན་མེ་ཉེན་ཆེ་བའི་དུས་སྐབས་སྔོན་ནས་རྫོང(གྲོང་ཁྱེར)18ཀྱི་འབར་ཐུབ་པའི་དངོས་པོ་ཏུན36602མེད་པ་བཟོ་རྒྱུ་རེད།
ཉེན་ཟོན་སློབ་གསོ་གཏིང་ཟབ་ཏུ་གཏང་དགོས། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་བྱེད་སྒོ་ཏན་ཏིག་སྤེལ་བ་དང་།བརྙན་ལམ་བཀོད་གཏོང་ཚོགས་འདུ་དང་།བཞུགས་མོལ་ཚོགས་འདུ།གྱོད་དཔེ་ཕྱོགས་སྡོམ་ཚོགས་འདུ་བཅས་ཐེངས621འཚོགས་པ་དང་།དྲིལ་བསྒྲགས་སློབ་གསོ་ཐེངས2231བསྡུས་པ།དྲིལ་བསྒྲགས་ཤོག་བྱང་ཁྲི40སྤྲད་པ།གྲོས་འདོན་ཡི་གེ4200ལྷག་སྤྲད་པ།དྲིལ་བསྒྲགས་སྦྱར་ཡིག་དགུ་སྟོང་ལྷག་སྦྱར་བ།དྲིལ་བསྒྲགས་འཕྲིན་ཐུང་དང་སྐད་འཕྲིན་ཁྲི312ལྷག་བསྐུར་བ། ཉེན་ཟོན་སློབ་གསོའི་པར་གཞི2355ལ་བལྟས་པ་དང་།ཕྱི་རོལ་དུ་སྒྲིག་འགལ་མེ་སྤྱོད་རིགས་ཐེངས28ཡོ་བསྲང་བྱས་ཡོད། ཉག་ཆུ་རྫོང་གི་ནགས་ཚལ་མེ་སྐྱོན་དང་དར་མདོ་གྲོང་ཁྱེར་ས་བདེ་གྲོང་རྡལ་གྱི“3·16”ནགས་ཚལ་མེ་སྐྱོན་བསྐྱར་གསོའི་ལས་དོན་ཁྱོན་ཡོངས་ནས་སྤེལ་ཏེ་གནད་དོན་ཁག37འཚོལ་ཞིབ་བྱས་པ་དང་།“གཅིག་གཏད་གཅིག”གི་འགན་འཁྲིའི་ལམ་ལུགས་ལེགས་བཅོས་བྱེད་པའི་རྩིས་ཁྲ་བཟོས་པ།རྣམ་གྲངས་ཁག31དག་ཐེར་ཡོ་བསྲང་བྱས་པ།རྣམ་གྲངས་ཁག6ལེགས་བཅོས་བྱས་ཡོད། ཉག་ཆུ་རྫོང་གི་ནགས་ཚལ་མེ་སྐྱོན་དོན་རྐྱེན་བྱང་བུ་བཀལ་ནས་བསྒྲུབ་རྒྱུར་ལྟ་སྐུལ་བྱས་ཏེ“1+4”ཡི་བརྟག་དཔྱད་དཔྱད་དཔོག་སྙན་ཞུ་གྲུབ་པ་དང་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་འབྲེལ་ཡོད་འགན་འཁུར་བ6ལ་ཞུ་གཏུག་བྱས་ནས་ཟིལ་ཤུགས་ཆེན་པོ་ཆགས་པ་བྱས་ཡོད།
ཁྱོན་ཡོངས་ནས་འཚུབ་བསྟུན་དམག་གྲབས་བྱ་དགོས། རྒྱལ་བུན་མ་དངུལ་དང་པུའུ་དང་ཞིང་ཆེན་གྱི་རང་བྱུང་གནོད་འཚེའི་རོགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར1.3བརྩོན་ལེན་བྱས་ནས་རྒྱལ་ཁབ་རུ་ཁག་གི་ཚད་གཞི་ལས་མི་དམའ་བ་ལྟར་ཉོས་པའི་ཆུ་འཐེན་འཕྲུལ་འཁོར628དང་།མེ་གསོད་སྦག་སྦག255 སྒུལ་བདེའི་ཆུ་གསོག་རྫིང་བུ391 ནགས་ཚལ་མེ་གསོད་རིགས་ཀྱི་རླངས་འཁོར13བཅས་དང་།དེ་བཞིན་མེ་གསོད་དངོས་ཟོག་གཞན་དག1500དུས་ཐོག་ཏུ་གཞི་རིམ་ལ་སྤྲད་རྒྱུ་རེད། ཕྱོགས་བསྡུས་འཚུབ་བསྟུན་རོགས་སྐྱོབ་དཔུང་ཁག་ཚང་མར་རེས་སྐོར་གསོ་སྦྱོང་བྱས་ནས་ས་གནས་ཀྱི་ཆེད་ལས་དང་ཆེད་ལས་ཕྱེད་ཀྱི་སྟོབས་ཤུགས་སྔར་བས་འཐུས་སྒོ་ཚང་དུ་བཏང་བ་དང་།ཁོངས་གཏོགས་ཁུལ་གྱི་ནགས(འབྲོག)ཁུལ་གྱི་ཨར་ལས་ཁེ་ལས་ཀྱིས་ཕྱོགས་བསྡུས་འཚུབ་བསྟུན་རོགས་སྐྱོབ་དཔུང་ཁག་འཛུགས་རྒྱུར་མཛུབ་ཁྲིད་དང་ལྕག་སྐུལ་བྱས་པ།ཆུ་དང་སྒྲིག་ཆས་ཁུར་ནས་སྐོར་སྲུང་ཐེངས700ལྷག་བྱས་ཡོད། རང་ཁུལ་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་འཚུབ་བསྟུན་སྔོན་ཇུས་བཟོ་བཅོས་དང་འཐུས་ཚང་དུ་བཏང་ནས་ཁྲིམས་མཐུན་ཞིབ་བཤེར་བྱེད་བཞིན་ཡོད། རྒྱལ་ཁབ་རུ་ཁག་གདན་དྲངས་པ་དང་།རྫོང(གྲོང་ཁྱེར)གི་ཕྱོགས་བསྡུས་འཚུབ་བསྟུན་རོགས་སྐྱོབ་དཔུང་ཁག་སྒྲིག་འཛུགས་ཀྱིས་ཡུལ་ཤོག(གྲོང་རྡལ)དང་གྲོང་སྡེ། ཚོ་ཆུང་གི་བཅའ་སྡོད་བྱ་ཡུལ་དུ་བསྐྱོད་དེ་རྩལ་ནུས་གསོ་སྦྱོང་ཐེངས52དང་།འཕྲུལ་ཆས་ཉམས་བཟོའི་ལས་དོན་ཐེངས722ལ་མཛུབ་ཁྲིད་བྱས་པ་དང་དངོས་འཐབ་ནང་སྦྱོང་ཐེངས133བཅས་བྱས་ཡོད།
ཚན་རྩལ་ནུས་འདོན་རྒྱུན་འཁྱོངས་བྱ་དགོས། གནད་སྨིན་འགོག་ཟོན་ལ་དམིགས་ཏེ་གྲངས་གཞི་ཆེན་པོ་དང་།ནགས་རྩྭ།མེ་ཟོན།གནམ་གཤིས།གློག་ཤུགས་སོགས་ཀྱི་སྡེ་ཚན་དང་མཉམ་དུ་མེ་སྤྱོད་སྔོན་གྱི་ཐོ་འགོད་སྙན་ཞུ་གཉིས་ཀྱི་ལམ་ལུགས་དང་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་སྔོན་བརྡ་གཏོང་བའི་འདུས་གྲུབ་མ་ལག་ཞིབ་འཇུག་གསར་སྤེལ་བྱེད་པ་དང་།ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་སྔོན་བརྡ་གཏོང་བའི་འདུས་གྲུབ་མ་ལག་སྤྱོད་ཤུགས་ཆེ་རུ་གཏོང་བ།ལྟ་སྐུལ་དོ་དམ་གྱི་ལོང་གནས་དང་ལོང་གནས་ཉུང་དུ་གཏོང་བ་བཅས་བྱས་ཏེ་སྔོན་ཚུད་ནས་དོགས་ཟོན་དང་།སྔ་ཙམ་ནས་གསོད་པ་དང་ཆུང་ཙམ་ནས་གསོད་དེ་འདེགས་སྐྱོར་མཁོ་འདོན་བྱ་དགོས། དེ་དང་ཆབས་ཅིག་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་རྒྱག་པ་དང་།ཁྲིམས་འཛིན་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ།སྤྱི་ཚོགས་ཡོངས་ལ་སྐུལ་སློང་བྱས་ནས་ཐེར་འདོན་དང་ཡོངས་བསྒྲགས་སུ་དམར་འདོན་བཅས་བྱས་ཏེ་བྱ་དགའ་ཆེན་པོ་དང་ཆད་པ་ཆེན་པོ་གཅོད་པའི་དམ་བསྒྲགས་རྣམ་པ་ཞིག་ཆགས་པ་བྱ་རྒྱུ།
ཕྱིན་ཆད་ལས་དོན་ནང་དཀར་མཛེས་ཁུལ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་བཀོད་འདོམས་པུས་མཐའ་མཇུག་གི་ནུས་ཤུགས་ཆེར་གཏོང་གི་མཐའ་སྣེའི་ནུས་ཐོན་ལས་ཀའི་ཕུགས་ཕན་ལམ་སྲོལ་གྱི་འབྲེལ་ཡོད་བླང་བྱར་གཞིགས་ནས“ཕྱོགས་བཞི”འགན་འཁྲི་སྔར་བས་ནན་དུ་གཏོང་བ་དང་།དྲིལ་བསྒྲགས་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ།མེ་ཁུངས་དོ་དམ་ཚོད་འཛིན་ནན་པོ་བྱེད་པ།མི་མངོན་པའི་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་བྱེད་པ།འཚུབ་བསྟུན་ཐག་གཅོད་ཀྱི་གྲ་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་མིས་བཟོས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་མི་ཐོན་པའི་མཐའ་ཚད་བརྟན་པོ་སྲུང་རྒྱུ་ཡིན་པ་རེད།།
( ཀུན་དགས་བསྒྱུར།)