ལི་ཐང་རྫོང་དགེ་བསྙེན་གྲོང་རྡལ་རྐེད་ཆད་གྲོང་སྡེའི་ནགས་སྲུང་བ་ཚུལ་ཁྲིམས་གྱིས“ང་ཚོས་ཉིན་ལྟར་ནགས་ཁུལ་འདིར་བསྐྱོད་ནས་ནགས་ཁུལ་འདིའི་ས་ཆ་སྤར་གང་དང་ལྗོན་ཤིང་རྐང་བུ་རེ་རེ་སྲུང་སྐྱོང་བྱེད་བཞིན་ཡོད”ཅེས་བཤད།
ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་ལས་དོན་ལ་སྔར་བས་ཤུགས་བརྒྱབ་སྟེ་མང་ཚོགས་ཀྱི་མེ་ཟོན་འདུ་ཤེས་ཇེ་དྲག་ཏུ་བཏང་བ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་འགན་སྲུང་བྱས་ཡོད། སྟོན་དགུན་དུས་ཀྱི་མེ་ཟོན་དུས་མཚམས་སླེབས་རྗེས་དགེ་བསྙེན་གྲོང་རྡལ་གྱིས་ནགས་སྲུང་བ211བསྡུས་ནས་སོ་སོའི་འགན་འཁུར་བའི་ནགས་ཁུལ་དུ་སྐོར་ཞིབ་དང་ནགས་སྲུང་ལས་དོན་སྤེལ་ནས་ཡུལ་དངོས་སུ་གཙོ་གནད་ས་ཁོངས་ཀྱི་ནགས་ཚལ་གྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། དུས་ཐོག་ཏུ་མངོན་མེད་རྐྱེན་ངན་གྱི་མེ་ཉེན་ཤེས་རྟོགས་བྱུང་ནས་ནགས་ཚལ་ཐོན་ཁུངས་ཉེན་མེད་དང་བརྟན་ལྷིང་ཡོང་བར་འགན་ལེན་བྱས་ཡོད།
ནགས་སྲུང་བ་པད་མ་འཇམ་དབྱངས་ཀྱིས་དུས་རྒྱུན་རི་སྐོར་བྱེད་པའི་སྐབས་སུ་ཡུལ་མི་ཚོར་ནགས་ཁུལ་དུ་སྐྱོད་སྐབས་མེ་ཆ་གཏན་ནས་འཁྱེར་མི་ཉན་ལ་ཐ་མག་དེ་བས་འཐེན་རྒྱུ་མེད། དེ་དག་ནི་ཉེན་ཁ་ཧ་ཅང་ཆེ་བའི་བྱ་སྤྱོད་ཡིན་པས་ནགས་ཚལ་ལ་མེ་སྐྱོན་འབྱུང་སྲིད་ཅེས་མེ་འགོག་གི་ཤེས་བྱ་དྲིལ་བསྒྲགས་བྱས་པ་རེད། ཁོང་གིས་བྱ་སྤྱོད་དངོས་ལ་བརྟེན་ནས་ས་ཆ་དེའི་རི་སྔོ་ཆུ་དྭངས་སྲུང་སྐྱོང་བྱེད་བཞིན་ཡོད།
ད་དུང་། ནགས་སྲུང་བ་ཚོས་ཞིང་དུད་ཀྱི་ཁྱིམ་དུ་བསྐྱོད་དེ་ཡུལ་མི་ཚོར་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་བཅའ་ཁྲིམས་དང་བདེ་འཇགས་ཤེས་བྱ་ཁྱབ་གདལ་བཏང་ནས་མང་ཚོགས་ཀྱི་ནགས་སྲུང་མེ་ཟོན་གྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་དམངས་ཡོངས་ཀྱིས་མེ་ཟོན་བྱེད་པའི་རྣམ་པ་བཟང་པོ་ཞིག་ཧུར་ཐག་གིས་བསྐྲུན་ཡོད། ནགས་སྲུང་བའི་དྲིལ་བསྒྲགས་ལ་ཉན་རྗེས་མགོ་སྟོད་གྲོང་སྡེའི་ཡུལ་མི་ལྷ་སྐྱིད་ཀྱིས་“ནགས་སྲུང་མེ་ཟོན་གྱི་འགན་འཁྲི་ཚང་མར་ཡོད། ང་ཚོས་ཕྱི་རོལ་དུ་མེ་མི་སྤྱོད་པ་དང་ཕྱི་ནས་ཡོང་བའི་མི་ཚོས་མེ་ཆ་འཁྱེར་ནས་ནས་ནགས་ཁུལ་ཏུ་འགྲོ་རུ་མི་འཇུག་པ་ཡིན”ཞེས་དེ་ལྟར་བཤད།
ཕྱིན་ཆད། དགེ་བསྙེན་གྲོང་རྡལ་གྱིས་མུ་མཐུད་ནས་ནགས་དཔོན་ལམ་ལུགས་ཀྱི་འགན་འཁྲི་ནན་འཁུར་བྱས་ཏེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཀྱི་འགན་འཁྲིའི་བསམ་པ་དང་དགོས་གཏུག་གི་བསམ་པ་ཟབ་ཏུ་གཏོང་བ་དང་། ནགས་སྲུང་མེ་ཟོན་གྱི་བྱ་ཐབས་དོན་འཁྱོལ་ཞིབ་ཚགས་བྱེད་པ། འཚུབ་བསྟུན་དངོས་ཟོག་གྲབས་གསོག་བྱ་རྒྱུར་ཤུགས་རྒྱག་པ། ཁ་གཏད་གྲ་སྒྲིག་ལེགས་པོ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ཤུགས་ཡོད་རྒུས་འགན་ལེན་དང་དགེ་བསྙེན་གྱི་རི་སྔོ་ཆུ་དྭངས་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ཡིན་པ་རེད།།
( སྐལ་བཟང་རྒྱ་མཚོས་བསྒྱུར།)