སུན་རྩེན་ལྷ་ཡུལ་དུ་འཛུམ་འོད་སྤྲོ་བའི། །
ཉི་གཞོན་དར་མ་དེ་ང་རང་ཡིན་ན། །
རི་སུལ་ལྷུན་པོ་ཡི་དབུ་རྩེར་བསྙེགས་ནས། །
ཚིག་གསལ་སྙན་མོ་ཡི་རྫ་རྔ་བརྡུང་འགྲོ། །
གཡུ་ཡི་སྐྱེད་ཚལ་དུ་འཕུར་གཤོག་ལྡིང་བའི། །
དབྱངས་ཀྱི་སྦྲང་བུ་དེ་ང་རང་ཡིན་ན། །
སྔོ་ཐང་གཞི་དཀྱིལ་གྱི་གདན་དུ་བཀོད་དེ། །
སྤང་རྒྱན་མེ་ཏོག་ལ་བརྩེ་བ་འཁོར་འགྲོ། །
སྙན་ཚིག་ཤོག་དཀར་གྱི་ངོས་སུ་ཕབ་པའི། །
རྩོམ་རིག་མཁན་པོ་དེ་ང་རང་ཡིན་ན། །
རྒྱང་རིང་ཐང་ཆེན་གྱི་རི་ལམ་བརྒལ་ནས། །
ངག་རིག་བུ་མོ་དེར་ལས་འཕྲོ་ཟབ་ཡོང་། །
ལྷ་ཆོས་མགུར་དབྱངས་ཀྱི་གནད་དོན་ཟབ་པའི། །
ངག་རིག་མཁན་པོ་དེ་ང་རང་ཡིན་ན། །
རེ་དོགས་འཁོར་འདས་ཀྱི་ཆོས་ཉིན་ཀློང་ནས། །
སྙན་པའི་མགྲིན་པ་དེ་ལྷོད་ཙམ་མི་གནང་། །
ཉི་ཟླའི་བང་རིམ་གྱི་ཀློང་ན་རྩེན་པའི། །
ཁྲུང་ཁྲུང་དཀར་མོ་དེ་ང་རང་ཡིན་ན། །
མདུན་སྐྱོད་སྙན་སྐུལ་གྱི་གླུ་ངག་དྭངས་མ། །
རྒྱང་རིང་ཐང་ཆེན་ནས་ངག་ལ་འགུག་འགྲོ། །
བརྟན་གཡོ་ངོ་མཚར་དེ་ཤིན་ཏུ་ཆེ་བའི། །
སེམས་ཀྱི་མཛའ་མོ་དེ་ང་རང་ཡིན་ན། །
འཛམ་གླིང་གོ་ལ་ཡི་དབུ་རྩེར་བརྒལ་ཏེ། །
འཇོ་སྒེག་ཟབ་མོ་དེ་སུ་ལ་འབུལ་འགྲོ། །
བདེན་དོན་གསེར་ཞལ་གྱི་བླ་ན་མཐོ་བའི། །
སྐར་མའི་འོད་སྣང་དེ་ང་རང་ཡིན་ན། །
ཚོར་བའི་ཉམས་སྣང་གིས་མགུར་མ་ལེན་ཞོར། །
ལྷ་ཡི་རྫིང་རིང་དུ་དལ་གྱིས་འཕུར་འགྲོ། །
མ་ཡུམ་གངས་དཀར་གྱི་མིག་ཟུང་འཁོར་བའི། །
སྙིང་གི་མེ་ཏོག་དེ་ང་རང་ཡིན་ན། །
སྡེ་ཆེན་གྲོང་མཐའ་ལ་ལོག་པ་མེད་དེ། །
ལྔ་རིག་ཆོས་གྲལ་གྱི་ཞིང་སར་ཆས་འགྲོ། །
ནགས་ཁྲོད་མཐུག་པོ་ན་སྨྲེང་གླུ་གྱེར་བའི། །
ཤྭ་བ་རི་དྭགས་དེ་ང་རང་ཡིན་ན། །
རི་རབ་ལྷུན་པོ་ཡི་དགུང་ལ་བསྙེགས་ནས། །
འཛད་མེད་ཆུ་གཏེར་དེ་ཧུབ་ཀྱིས་འཐུང་འགྲོ། །
དྭངས་གཙང་ཆུ་བོ་ཡི་འགྲམ་ནས་ལུས་པའི། །
གསེར་བྱ་གཞོན་ནུ་དེ་ང་རང་ཡིན་ན། །
ཨ་སྔོན་གཞི་དབྱིངས་ལ་ལྟད་མོར་ཕེབས་ཏེ། །
འཕུར་བའི་གཤོག་ཟུང་དེ་ཇེ་ལེགས་གཏང་ཆོག །
མཛེས་སྡུག་སྨན་ཤར་གྱི་ལང་ཚོ་འཐུང་བའི། །
ཡིད་ཀྱི་དགའ་མ་དེ་ང་རང་ཡིན་ན། །
ཚོར་བའི་འདང་སེམས་ལ་རི་མོ་བཀྲམ་སྟེ། །
སྟོང་བའི་རྒྱ་ཁྱོན་ནས་འཕུར་བར་ཆས་འགྲོ། །
རྐང་དྲུག་བུང་བ་ཡི་འཕུར་ལྡིང་མངའ་བའི། །
ལྷ་བྱ་ཁྲུང་ཁྲུང་དེ་ང་རང་ཡིན་ན། །
དྭངས་གཙང་ལྗོངས་རྒྱུ་དེའི་ཉེ་སར་བཅར་ནས། །
སེམས་པའི་འདུ་ཤེས་ལ་ངལ་གསོ་འཇོག་འགྲོ། །
ལ་སྟོད་གུང་ཐང་གི་སྡེ་བའི་ཟུར་ནས། །
ཐང་དཀར་རྒོད་པོ་དེ་ང་རང་ཡིན་ན། །
འདུན་མའི་འོད་རླབས་དེ་ཧུབ་ཀྱིས་འཐུང་ཞོར། །
སེར་ཆེན་མེ་ཏོག་ལ་ལྡིང་སྐོར་བྱེད་འགྲོ། །
ངག་རིག་འཁྱུག་གར་གྱི་ན་བཟའ་བཀླུབས་པའི། །
སྙན་ངག་མཁན་པོ་དེ་ང་རང་ཡིན་ན། །
མཐའ་ཀླས་འགྲོ་བ་ཡི་བདེ་སྡུག་སྣ་ཚོགས། །
ཚིག་གི་དབུ་རྩེ་ནས་གླུ་རུ་འགུག་འགྲོ། །
མི་མེད་ལུང་པ་ཡི་ཙག་ཁ་རྒོད་པའི། །
བཙན་གྱིས་འདུར་འདུར་ནས་དྲོད་ལ་བསྐྱལ་བའི། །
དཔྱིད་དཔལ་གཞོན་ནུ་དེ་ང་རང་ཡིན་ན། །
སྒྱུ་འཕྲུལ་སྣ་ཚོགས་ཀྱི་ལྟད་མོ་གཤམ་ཡོང་། །
གསེར་གྱི་ཁྲི་ཆེན་ལ་ཡུན་གྱིས་འགྱིང་བའི། །
མི་ཆེན་དཔོན་པོ་དེ་ང་རང་ཡིན་ན། །
ཞི་བདེ་ལྷ་བྱ་དེ་དམ་དུ་འཆིངས་ནས། །
མི་བུའི་བདེ་སྡུག་ལ་འགྱོད་ཙམ་གནང་འགྲོ། །
ཚོར་བའི་འདུ་ཤེས་ཀྱིས་གླུ་དབྱངས་འཐེན་པའི། །
ངག་རིག་མཁན་པོ་དེ་ང་རང་ཡིན་ན། །
མགྲིན་གླུ་སྙན་མོ་དེ་ངག་ལ་གྱེར་བཞིན། །
འཛམ་གླིང་ཕྱོགས་ཁམས་ལ་གཡས་སྐོར་རྒྱག་འགྲོ། །
ཚིག་གི་ཉམས་འགྲོས་ལ་གནད་དོན་ཟབ་པའི། །
གངས་ལྗོངས་ཁུ་བྱུག་དེ་ང་རང་ཡིན་ན། །
གཞི་དབྱིངས་གོང་མ་ནས་འཕུར་ལྡིང་རྩེན་ཏེ། །
མགྲིན་གླུ་སྙན་མོ་ཡི་གླུ་དབྱངས་གྱེར་འགྲོ། །
༼ ཁམས་ཟླ་སྲས། ༽