国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཚོར་བའི་སྒྲོམ།

མུན་པ་ཐར་ཐོར་མགོ་ལ་དཀྲིས་ཏེ། །

རི་ཆུས་བཅད་པའི་མཚན་ཐུན་ཞིག་ལ། །

བརྗོད་མེད་སེམས་ཀྱི་ཚོར་བའི་དབུ་ཁྱུད། །

མ་བཅོས་ངག་ནས་གླུ་རུ་བཞུར་འདོད། །

ང་དང་མོ་ཡིས་དུས་ཆད་བཏགས་ནས། །

འཛོམས་པའི་སྐལ་བཟང་རེ་སྒུག་བྱས་ཏེ། །

རི་ཁེད་མི་མེད་ནོར་འཛིན་པང་ན། །

འཕྲད་པའི་ལས་སྐལ་ངེད་གཉིས་ཐོབ་སོང་། །

དང་ཐོག་འཕྲད་དུས་སེམས་འཚུབ་ལྕི་བས། །

ཞལ་ཁྱིམ་གོར་གོར་དམར་པོས་སྒྲིབ་ཅིང་། །

ངག་གི་ཚིག་འབྲུ་རླུང་བུས་གཡོ་ནས། །

ཡོམ་ཡོམ་སྒུལ་བས་རང་ཚུགས་ཤོར་སོང་། །

ཕར་ལ་ཅེར་དུས་བཞིན་འཛུམ་གསལ་བ། །

ཚུར་ལ་ལྟ་དུས་དགྱེས་ཞལ་དཀར་བས། །

མི་འབྲལ་ཚིག་དེ་སྨྲ་སྤོབས་མེད་ཀྱང་། །

མ་བཅོས་སེམས་ནས་རེ་སྨོན་ཞུས་ཡོད། །

སྙིང་རླུང་ཡང་མོ་ངང་གིས་ཆད་དེ། །

ཚོར་བའི་དགའ་མ་སེམས་སུ་འཁྱིལ་ནས། །

ལག་གཉིས་སྦྲེལ་ནས་དམ་དུ་བཅིང་བའི། །

མཚན་མོ་དེ་ལ་སྐྱིད་ཀྱིས་ཁྱབ་སོང་། །

འཕྲད་པའི་བསོད་ནམས་སྙིང་ནས་སྤྲོ་ཡང་། །

ཐེ་ཚོམ་དང་བཅས་སེམས་བྲེལ་ལངས་བས། །

འདར་འདར་གཡུག་གི་རྣམ་པ་མངོན་ཞོར། །

སྙིང་གཏམ་ཐོར་བུ་རྣ་བར་བླུགས་ཡོད། །

དུས་ཚོད་གཅིག་ལ་ཟིན་དུ་ཉེ་ཡང་། །

མི་རིང་སྐད་ཅིག་ཡུན་ཚད་འདྲ་བས། །

ང་དང་བུ་མོའི་ལོ་ཟླ་འདི་ནི། །

གསེར་གྱིས་མི་ཁུག་རིན་ཐང་ཆེ་བྱུང་།

འདུ་འབྲལ་མི་རྟག་འཁོར་བའི་ཆོས་ཉིད། །

འཛོམས་མཐར་གྱེས་པ་ལས་ཀྱི་གཤིས་ཀས། །

ལག་གཉིས་སྦྲེལ་བའི་དམ་ཚིག་ཆད་ནས། །

འབྲལ་བ་ཚིག་གི་ཐ་སྙད་སློང་སོང་། །

མིག་མཐར་མཆི་མས་ལན་ཆགས་འཁོར་ནས། །

གྱེས་པའི་ལག་གཡུག་གནམ་ལ་ཀེར་དུས། །

སེམས་ཀྱི་སྐྱོ་མས་སྙིང་ཆུང་གདུང་སྟེ། །

དྲན་པ་ཡོད་ཚད་ཆ་མེད་གྱུར་འདུག །

༼ རང་མདངས། ༽