国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






འུ་གཉིས་ལ་རང་དབང་གི་ནམ་མཁའ་ཞིག་ཡོད་པར་སྨོན།

ལས་དབང་གིས་བྲིས་པའི་རི་མོ་གང་ཞིག་ལ་བཏབ་ཡོད་སུ་ཞིག་གིས་ཚོར་ཡོང་། དེ་ནི་མ་གཞི་ནས་སུས་ཀྱང་དཔོག་དཀའ་བའི་རྒྱུ་རྐྱེན་དང་གནས་ལུགས་བསྒྲེང་རྒྱུ་དཀའ་བའི་དྲི་བ་ལྐོག་གྱུར་བ་ཞིག་ཡིན་ཚོད་ཆེ། འུ་གཉིས་གང་ཞིག་ནས་ལམ་ལ་ཆས་ཏེ་གང་ཞིག་ནས་འཛོམས་རྒྱུ་བྱུང་བ་སུས་ཀྱང་ཚོར་དཀའ་བའི་གབ་ཚིག་ཅིག་ཏུ་དཔེར། འཇིག་རྟེན་སྣང་བ་གླེང་གཞི་ཞིག་གི་དབུ་འཁྱུད་བྲིས་པ་ནས་བཟུང་། ལུས་ཀྱི་དོན་ལྔ་སྣོད་དྲུག་ཡན་ལག་གི་རྩ་རྒྱུས་དང་ཆུ་རྒྱུས་རྩ་ཁམས་ཡོད་ཚད་སྣང་བས་བཟི་རུ་བཅུག་ཀྱང་། དྭངས་ཐབས་དང་ཡལ་ཐབས་དཀའ་བའི་ཟླ་དྲུག་པའི་སྨུག་ནག་ཐང་ལ་ལྷུང་པ་དང་འདྲ། ཁྱེད་རང་དབྱར་ཟླ་དྲུག་པའི་སེར་ཆེན་གྱི་མེ་ཏོག་བཞིན་ངའི་མངའ་ཐང་དུ་བཞད་པ་ནས་བཟུང་ང་རང་དགུན་གྱི་གྲང་རླུང་དང་དབྱར་གྱི་ཚ་གདུང་ལ་སྐྲག་སྣང་ཅུང་ཙམ་ཡང་མེད་པར་ཁྱེད་ཀྱི་འདབ་ལོ་རུ་རྩེན་ཞིང་ཁྱེད་ཀྱི་འདབ་ལོ་ནས་འཚོ་འདོད་ཀྱི་མི་ཚེ་ཐུང་ཐུང་ཞིག་དང་འཚོ་བ་སྐྱིད་པོ་ཞིག་གི་སྨོན་ལམ་ཡང་ཡང་འདེབས་འདོད་བྱུང་།

ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དེ་འུ་གཉིས་ཀྱི་མངའ་ཐང་ཡིན་ན་ཅི་མ་རུང་། རྩྭ་ཐང་དེའི་གདན་དུ་རང་དབང་དང་དྲོད་ཁོལ་འཛོམས་པའི་འུ་གཉིས་ལ་ཁྱིམ་གཞི་ཞིག་ཡོད་ན་ཅི་མ་རུང་འདོད། ངའི་སྟོང་འདང་དང་འཁྲུལ་སྣང་གི་རྨི་ལམ་རྨིས་ཐེངས་རེ་རེར་ལུས་ཁམས་ཤ་སྦྲིད་རུས་སྦྲིད་དུ་གྱུར་ནས་ཚོར་བའི་མི་ཟིན་པའི་སྨྱོན་པའི་རང་ཚུགས་ཤིག་མངོན་ཡོང་། དེ་ནི་ང་རང་ཁྱེད་ལ་དགའ་དྲགས་པས་ཡིན་ནམ་བརྩེ་དུང་གི་ཉིང་བཅུད་ལ་ཤ་ཐང་རུས་ཐང་གི་བློ་དཀར་ཞེ་དྲག་ཡོད་པས་ཡིན། ང་ནི་སྔོན་ཆད་ཀྱི་ང་རང་མིན་པར་བརྩེ་དུང་ལ་མགོ་བོ་བསྒུར་བའི་བརྩེ་དུང་གི་རྒྱལ་སྲས་ཤིག་ཏུ་གྱུར་འདུག། ངའི་བརྩེ་དུང་ལ་ཤ་ཐང་རུས་ཐང་གིས་ཡོད་ཚད་འབུལ་ན་བསམ། སྐབས་རེར་བསམ་ན་ང་ནི་བརྩེ་དུང་གི་བྲན་གཡོག་རིང་ལུགས་པ་ཞིག་ཡིན་སྣང་ཆེ། བརྩེ་དུང་གིས་ངའི་ཡོད་ཚད་ལ་སྡོམ་ཚིག་འགོད་ཀྱིན་མཆིས།

ངས་ཁྱེད་ཀྱི་ལག་པའི་ནང་དུ་ལག་པ་འཇུས་ནས་ཁྱེད་ཀྱི་བྲང་གཞུང་ལ་མགོ་བོ་གླན་པ་ནས་བཟུང་། ཁྱེད་ནི་ངའི་སྐྱིད་དུས་སྐྱིད་རོགས་དང་སྡུག་དུས་སྡུག་རོགས་ཡིན་པའི་རྨི་ལམ་ནང་གི་ཆུང་མ་སྙིང་རྗེ་བོ་དེ་ཡིན་ན་ཅི་མ་རུང་བསམ་མྱོང་། དེ་དག་ཡོད་ཚད་ངའི་འཁྲུལ་སྣང་གི་ས་བོན་བཏབ་པ་ཡིན། གླེན་འདང་དང་སྟོང་འདང་ཁོ་ན་ལས་མ་འདས། ཁྱེད་ནི་ཁྱིམ་གཞིས་ཤིག་གི་བདག་མོ་དང་བུ་ཕྲུག་སྙིང་རྗེ་ཞིག་གི་ཨ་མ་ཡིན་པའི་ངའི་དུས་གསུམ་གྱི་བདག་མོ་རུ་འགྱུར་ག་ལ་ཐུབ། དེ་ནི་ངས་འཁྲུལ་སྣང་དང་རྨི་ལམ་གྱི་འཁོར་བ་བཞེངས་པས་ཡིན། གླེན་འདང་དང་སྨྱོ་བཤད་ཀྱི་ཚན་ཁ་འབར་བས་ཡིན། གང་ལྟར། མི་ཚེ་ནི་སྐད་ཅིག་གི་དུས་ཚོད་ཐུང་ཐུང་ཞིག་ཡིན་པས་དེ་ལ་བློ་གཏད་བྱ་ག་ལ་རུང་། ལས་དབང་ནི་ལྐོག་གྱུར་གྱི་གསང་བ་ཞིག་ཡིན་པས་དེ་ལ་ཚོད་དཔག་གི་གྲ་སྒྲིག་སུ་ཡིས་ཐུབ། ཡིན་ཡང་། ངའི་མི་ཚེ་ཐུང་ཐུང་འདི་ལ་བརྩེ་དུང་གི་རི་མོ་ཁྱེད་ལ་བྲིས་ཡོད། ངའི་མི་ཚེ་ཐུང་ཐུང་འདི་ལ་ལྷག་བསམ་རྣམ་དག་གི་བརྩེ་དུང་ཞིག་ཁྱེད་ལ་བཅངས་ཡོད། མི་འདོད་ལས་ཀྱི་བར་ཆད་ཅིག་མ་བྱུང་ན་ངའི་མི་ཚེ་ཁྱེད་ལ་བཅོལ་ཡོད། སྙིང་ཉེ་བའི་མྱི།

བགོ་སྐལ་ཁ་ཐག་གིས་བཅད་ཀྱང་ཐུག་འཕྲད་དང་འབྲེལ་འདྲིས་ཧ་ཅང་དཀའ་བའི་འུ་གཉིས་ལ་མཚོན་ན། རང་རང་ལ་རང་རང་གི་ཁྱིམ་ཚང་ཞེས་པའི་མིང་གི་འབོད་ས་ཞིག་དང་ཁུར་བོ་ཞིག་ཡོད་པའི་རྐྱེན་ནམ། རང་དབང་དང་བར་སྟོང་ཡེ་ནས་མེད་པའི་གཤོག་པ་བརྐྱངས་ནས་རྒྱང་རིང་ཞིག་ལ་འཕུར་འདོད་ཀྱི་རེ་བ་ཅི་ཙམ་མཆིས་ཀྱང་། སྟོང་འདང་ཁོ་ན་ལས་མ་འདས། རང་རང་གི་སེམས་ངོར་འབྲལ་མི་འདོད་པའི་རྨ་ཁ་ལྕི་མོ་ཞིག་དང་སྡུག་ཡུས་ཀྱི་མིག་ཆུ་གདོང་ནས་མ་བཏོན་པ་ཙམ་དུ་ཟད་འདུག། ལན་རེར་ཞིབ་འདང་རེ་བཏང་ནས་མནོ་བསམ་རེ་བཞེས་ཀྱང་། ང་ཁྱེད་ལ་དགའ་བའི་དྭངས་གཙང་གི་སེམས་ཁམས་དེ་འགོག་ཐབས་ཅུང་ཙམ་ཡང་མི་འདུག། སྐྱེ་བ་སྔོན་མའི་ལན་ཆགས་ཡིན་ན་ང་ཁྱེད་ཀྱི་ཐོག་ན་བློས་གཏོང་དཀའ་བའི་བརྩེ་བ་ལྷད་མེད་ཅིག་གི་ལྷག་འཕྲོ་མཆིས།

ང་རང་ཚད་བརྒལ་རང་བཞིན་ཅན་གྱི་བརྩེ་དུང་ལ་མགོ་བོ་བསྒུར་བའི་སྨྱོ་ཧམ་ཅན་ཞིག་ཡིན་ནའང་སྲིད། གང་ལྟར། ངས་ཁྱེད་ཀྱི་དོན་དུ་ཡོད་ཚད་བློས་གཏོང་བྱ་དགོས་ཀྱང་ང་ལ་འགྱོད་སེམས་ཅི་མཆིས། ལོ་ངོ་གསུམ་བཞི་ལྷག་ངའི་བློ་ཡུལ་དུ་ཤར་མ་མྱོང་བའི་ལོ་དང་ཟླ་བ་ཞིག་ཡིན་སྲིད། ཁྱེད་རང་ཡང་གཞན་གྱིས་སྒུལ་མི་ནུས་པའི་དྭངས་གཙང་གི་མེ་ཏོག་དེ་ཡིན་སྲིད། ང་ཁྱེད་ལ་ལྷག་ཏུ་དགའ། ང་ཁྱེད་ལ་ལྷག་ཏུ་དུང་། སྙིང་ཉེ་བའི་མྱི། ཁྱེད་ནི་མི་ཚེ་འདིར་ནམ་ཡང་ང་ལ་དབང་བར་སྨོན། འུ་གཉིས་ལ་མཛེས་སྡུག་གི་རྩྭ་ཐང་ཞིག་དང་འུ་གཉིས་ལ་དབང་བའི་རང་དབང་གི་འཚོ་བ་ཞིག་ཡོད་པར་སྨོན། སྙིང་ཉེ་བའི་མྱི།

༼ གངས་ཐིགས། ༽