ཁྱོད་ནི་ཆུ་ལ་ཁུར་བའི་མེ་ཏོག་ཅིག།
ཆུ་བོའི་འགྲོས་དང་བསྟུན་ནས་མར་ནས་མར་ལ་ཁུར།
ང་ནི་སྐུད་སྣེ་ལ་འབྱར་བའི་ཤོག་བྱ་འཛིན་བྱེད་ཅིག།
རླུང་གི་བང་རིམ་ལ་བརྟེན་ནས་ཡར་ནས་ཡར་ལ་སྙེག།
ངས་ཁྱོད་ཀྱི་ཞིམ་མངར་གྱི་དྲི་ངད་ཚོར་བས།
ལས་འཕྲོའི་ཕྱེད་ཀ།
ཁྱེད་རང་ཁུར་བྱེད་ཀྱི་ཆུ་དེ་ཡིན་ན་བསམ།
ཁྱོས་ང་བརྩེ་འདང་གི་མདུད་པ་དམ་ནོ་མཐོང་བས།
དམ་དུ་འཆིང་བའི་ཤོག་བྱ་དེ་ཁྱོད་རང་ཡིན་ན་བསམ།
འུ་གཉིས་ཀྱིས་སྟོང་བསམ་གྱི་ཆོ་འཕྲུལ་དེ་འདྲ་ཞིག་དྲན་བཞིན།
བར་ཐག་མཐོང་ཡུལ་ནས་རིང་སར་དེངས།
ངས་ཁྱེད་རང་འཆོར་བར་དོགས་ནས།
འགྱོད་གདུང་གི་བརྡབ་གསིག་རྒྱག་བཞིན་མར་ལ་བལྟས།
ཁྱོད་དང་ང་ཡི་ངོ་བོ་མི་འདྲ་སྟེ།
ང་ནི།
གཤོག་པ་མེད་ཀྱང་གནམ་ལ་འཕུར་ནས་འགྲོ།
མཐོངས་ཡངས་བའི་ནམ་མཁའི་དབྱིངས་ནས།
ངས་དྲན་གདུང་གི་སྨྲེ་ངག་བསྒྲགས་ན།
ཐོས་མཁན་དཀོན།
ཁྱོད་ནི་ཆུ་ཉ་ཞིག་མིན་ན་ཡང་།
ཆུ་ལ་རྐྱལ་ནས་ཕྱོགས་མཐའ་ཉུལ།
སྐྱོ་གདུང་གི་མིག་ཆུའི་རླབས་ཕྲེང་།
ཆུ་ལ་འདྲེས་པས།
ཇི་ལྟར་ཕྱེ་ཡང་དབྱེ་འབྱེད་ཐུབ་མཁན་མེད།
༼ ཚོར་སྦྲང་། ༽