国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཞི་ཅིན་ཕིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཅིག་པར་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ།

( པར་ངོས་དང་པོར་མཐུད།)མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འབྱུང་བཞིན་ཡོད་པས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མཉམ་ལས་ལ་ས་འབྲེལ་ཆབ་སྲིད་དང་། ཕྱོགས་རྐྱང་རིང་ལུགས། སྲུང་སྐྱོང་རིང་ལུགས་བཅས་ཆེ་རུ་འགྲོ་བ་སོགས་ཀྱི་འགྲན་སློང་འཕྲད་ཡོད། ལོ་རྒྱུས་ཀྱི་ལམ་མདོར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་རྒྱལ་ཁབ་ཁག་གིས་མཐུན་སྒྲིལ་མཉམ་ལས་དང་འགན་འཁྲི་འཁུར་ཕོད་པ་བྱས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་སྟེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་འཕེལ་རྒྱས་ཀྱི་དུས་རབས་གསར་པ་ཧུར་ཐག་གཏོད་དགོས།

ཞི་ཅིན་ཕིང་གིས་གྲོས་འགོ་གསུམ་བཏོན་གནང་བ་སྟེ།

གཅིག སྒོ་དབྱེ་མཉམ་འདྲེས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མཉམ་ལས་རྣམ་པ་གཏོད་དགོས། ཕྱོགས་མང་རིང་ལུགས་དང་སྒོ་དབྱེ་རྣམ་པའི་དཔལ་འབྱོར་གྱི་ཁ་ཕྱོགས་ཆེན་པོ་མཐའ་འཁྱོངས་བྱས་ནས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་ལྟེ་བར་བྱེད་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་དང་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་ཤར་བགྲོད་བརྟན་པོ་ཐུབ་པར་སྲུང་སྐྱོང་བྱེད་དགོས། དེ་རིང་། ང་ཚོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་རང་མོས་ཚོང་དོན་ཁུལ་བསྐྲུན་པའི་མཛུབ་ཁྲིད་ཡིག་ཆ་གསར་པར་གྲོས་འཆམ་བྱ་རྒྱུ་ཡིན་པས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྒུལ་ཤུགས་གསར་པ་སྣོན་ཐུབ་པའི་ཡིད་ཆེས་ཡོད། ཀྲུང་གོས་སྒོ་དབྱེར་བརྟེན་ནས་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་མཐའ་འཁྱོངས་དང་། རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་དང་རང་འགུལ་ངང་འབྲེལ་མཐུད། རང་བརྟེན་སྒོ་དབྱེ་རྒྱ་ཆེར་ཧུར་ཐག་གཏོང་བ་བཅས་ནས་འབྲེལ་ཡོད་ཕྱོགས་ཁག་དང་མཉམ་དུ་གྲངས་འཛིན་དང་ལྗང་མདོག་ཁྱབ་ཁོངས་ཀྱི་ཚོང་དོན་གྲོས་ཆོད་འཚོལ་ཞིབ་གྲོས་མོལ་བྱས་ཏེ་གོ་ལ་ཧྲིལ་པོར་ཕྱོགས་པའི་ཚད་གཞི་མཐོ་བའི་རང་མོས་ཚོང་དོན་ཁུལ་གྱི་དྲ་རྒྱ་མུ་མཐུད་རྒྱ་ཆེར་གཏོང་འདོད་ཡོད།

གཉིས། ལྗང་མདོག་གསར་གཏོད་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་འཕར་ནུས་སྐྱེད་སྲིང་བྱེད་དགོས། ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་རེས་སྐོར་གསར་པའི་གོ་སྐབས་ལ་དམ་འཛིན་བྱས་ནས་མིས་བཟོས་རིག་ནུས་དང་། ཚད་རྡུལ་ཆ་འཕྲིན། ཚེ་སྲོག་བདེ་ཐང་སོགས་ཁྱབ་ཁོངས་གསར་ཤོས་ཀྱི་སྤེལ་རེས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྒོ་དབྱེ་དང་། དྲང་གཞག། གཞུང་དྲང་། མཐོང་ཆུང་མི་བྱེད་པ་བཅས་ཀྱི་གསར་གཏོད་ཁོར་ཡུག་བསྐྲུན་ཏེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ཐོན་སྐྱེད་ནུས་ཤུགས་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་སྔོན་འཇོག་དང་། གྲོན་ཆུང་ལེགས་བསྡུས། ལྗང་མདོག་ཐཱན་ཉུང་བཅས་ཀྱི་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་གྲངས་འཛིན་ཅན་དང་ལྗང་མདོག་ཅན་མཐུན་སྦྱོར་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་གཏོད་དགོས། ཀྲུང་གོས་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བཞིན་ཡོད་པ་དང་ཕྱོགས་ཁག་དང་ལྗང་མདོག་གསར་གཏོད་ཀྱི་མཉམ་ལས་བྱེད་ཟབ་ཏུ་བཏང་ནས《གོ་ལ་ཧྲིལ་པོའི་གྲངས་གཞི་མངའ་ཁོངས་སྒྲོལ་བའི་འཁོར་རྒྱུག་མཉམ་ལས་ཀྱི་གྲོས་འགོ》ཁྱབ་བསྒྲགས་བྱ་རྒྱུར་མ་ཟད། ཕྱོགས་ཁག་དང་མཉམ་དུ་ནུས་ཆེ་དང་། སྟབས་བདེ། བདེ་འཇགས་བཅས་ཀྱི་གྲངས་གཞི་མངའ་ཁོངས་སྒྲོལ་བའི་འཁོར་རྒྱུག་ལ་སྐུལ་འདེད་བཏང་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་ལེགས་སྐྱེས་འབུལ་འདོད་ཡོད།

གསུམ། ཀུན་ཕན་བསྟུན་མཁས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་འཕེལ་རྒྱས་འདུ་ཤེས་བརྟན་པོར་འཛུགས་དགོས། དཔལ་འབྱོར་ལག་རྩལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་དཔལ་འབྱོར་དངོས་ཚན་དང་ཉམས་ཞན་ཚོགས་སྤྱིར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། དཔལ་འབྱོར་འཕེལ་རྒྱས་ཀྱི“བག་ལེབ”ཐུན་མོང་ཐོག་ཆེ་རུ་གཏོང་བ་དང་འབྲེལ་བགོ་བཤའ་ཡག་པོ་རྒྱག་པ་བཅས་བྱས་ཏེ་དཔལ་འབྱོར་དངོས་ཚན་དེ་བས་མང་བ་དང་དམངས་ཚོགས་དེ་བས་མང་བས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ལ་གྲོང་མིའི་ཡོང་འབབ་མང་དུ་གཏོང་བ་དང་ཁེ་ལས་འབྲིང་ཆུང་གི་ཁྱུ་ཚོགས་རྣམ་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གྲོས་འགོ་བཏོན་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་ཀུན་ཕན་དང་བསྟུན་མཁས་ངང་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱ་རྒྱུ་ཡིན། ཀྲུང་གོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི2026ལོའི་མགྲོན་བདག་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་ཡིན་པས་ཕྱོགས་ཁག་དང་མཉམ་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མཉམ་ལས་བྱེད་ཟབ་ཏུ་བཏང་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུའི་རེ་བ་ཡོད།

ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། བསྒྱུར་བཅོས་སྒོ་དབྱེ་ནི་ཀྲུང་གོ་དང་འཛམ་གླིང་མཉམ་དུ་འཕེལ་རྒྱས་དང་ཡར་ཐོན་འགྲོ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཞིག་རེད། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར་བསྒྱུར་བཅོས་བྱ་ཐབས་གལ་ཆེན་ཁག300ལྷག་ཙམ་བཏོན་ནས་ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་འཛུགས་སྐྱོང་བྱེད་པ་དང་། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་བ། མཛེས་སྡུག་ལྡན་པའི་ཀྲུང་གོ་སྐྲུན་པ་སོགས་ཁྱབ་ཁོངས་ཁག་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས་ཡོད། ཀྲུང་གོའི་འཕེལ་རྒྱས་ཀྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་དང་འཛམ་གླིང་གི་འཕེལ་རྒྱས་ལ་གོ་སྐབས་གསར་པ་དེ་བས་མང་བ་བསྐྲུན་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་ཀྲུང་གོའི་འཕེལ་རྒྱས་ཀྱི་མྱུར་བགྲོད་མེ་འཁོར་ལ་མུ་མཐུད་བཞུགས་ནས་ཞི་བདེ་འཕེལ་རྒྱས་དང་། གཉིས་ཕན་མཉམ་ལས། ཐུན་མོང་དར་རྒྱས་བཅས་ཀྱི་འཛམ་གླིང་རྒྱལ་ཁབ་ཁག་གི་དེང་རབས་ཅན་མངོན་འགྱུར་བྱེད་པར་མཉམ་དུ་འབད་བརྩོན་བྱ་རྒྱུར་དགའ་བསུ་ཞུ་བ་ཡིན།

ཚོགས་འདུ་ཕེ་རུའི་ཙུང་ཐུང་པོ་ལུའུ་ཨར་ཐེས་གཙོ་སྐྱོང་གནང་བ་དང་བརྗོད་དོན་གཙོ་བོ་ནི“ནུས་ཆེ་དང་། བསྟུན་མཁས། འཕར་བ”བཅས་རེད།

ཚོགས་འདུར《2024ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་མ་ཆིའུ་པི་ཆིའུ་ཡི་བསྒྲགས་གཏམ》དང་། 《ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་རང་མོས་ཚོང་དོན་ཁུལ་གྱི་གྲོས་རིམ་གྱི་རྒྱང་ལྟ་གསར་པའི་སྐོར་གྱི་གསལ་བསྒྲགས》 《ཚད་ལྡན་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་ཕྱོགས་སུ་ཕྱོགས་སྒྱུར་བྱ་རྒྱུར་སྐུལ་འདེད་གཏོང་བའི་སྐོར་གྱི་ལི་མའི་ལམ་ཐིག་རེའུ་མིག》བཅས་གྲུབ་འབྲས་ཡིག་ཆ་གསུམ་ཁྱབ་བསྒྲགས་བྱས་པ་རེད།

ཚེས15ཉིན་གྱི་དགོང་མོར། ཞི་ཅིན་ཕིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཞུགས་པ་རེད།། ( མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།)