རྫ་དྲི་བྲོ་བའི་ལག་མཐིལ་དུ་ཁྱིམ་རྒྱུད་ཀྱི་དྲན་ཤེས་བཀོད།
གངས་ཆུ་ལྷུང་ལྷུང་བབས།། ས་གཞིར་རྩི་བཅུད་རྒྱས།། ས་ཁམས་ཆགས་སྟངས་དང་གནམ་གཤིས་སོགས་ཀྱི་རྐྱེན་ལས་སྡེ་དགེ་སྨན་ཤོད་ཀྱི་ས་རྒྱུའི་གྲུབ་ཆ་གཞན་ལས་ཁྱད་དུ་འཕགས། དེར་དབྱང་འགྱུར་ཧ་ཡང་དང་ཚད་ཉུང་འབྱུང་རྒྱུ་སྣ་མང་ཡོད་ཅིང་འབྱར་བག་ཆེ་བར་མ་ཟད་རླུང་རྒྱུ་སླ་བས་རྫ་ཆས་བཟོ་བའི་མ་རྒྱུ་བཟང་ཤོས་ཡིན།
དགུན་ཁར་ས་འཁྱགས་རྗེས། རྫ་མཁན་ཚོས་ཐག་རིང་ནས་རྟ་ལ་རྫ་ས་བཀལ་ཡོང་ནས་འདེམ་སྐེམ་རྡུང་གསུམ་བྱས་རྗེས་རྡོ་གསེར་རྡོ་ཟེར་བ་ཞིག་བསྡུར་ཚད་རན་པ་བསྲེས་ནས་ཕྱེ་མར་བཏགས་ནས་བཞག་གི་ཡོད། སྨན་ཤོད་ལ་ད་བར་དུ་རྫ་བཟོའི་གནའ་རྒྱུན་སྐྱོང་བའི་སྲོལ་ཆད་མེད་ཅིང་། གནམ་གཤིས་དྲོ་བའི་དུས། སྔར་བསགས་རྫ་ས་བརྡུངས་ནས་བཙགས་ཤིང་། ཆུ་བླུགས་ཏེ་སྙོམ་པོར་འཕུལ་ཅིང་མཉེད་རྗེས་ཆེད་བཟོས་རྫ་འདམ་པང་ལེབ་ཏུ་བཞག་པ་དང་། བརྡར་རྡུང་འཕུལ་བསྐོར་སོགས་བརྒྱུད་དེ་རྫ་ལུགས་སུ་བཅུག་ནས་ཤིང་གྲིས་སྙོམ་པོར་བཟོས་ནས་ཆུ་ཚོད་ཁ་ཤས་བསྐམས་པ་དང་། དེ་ནས་རང་བཟོས་འོད་འདོན་ཆས་ཀྱིས་འོད་བཏོན་པ་དང་ཤིང་གྲིས་རི་མོ་བརྐོས་མཐར་ཤིང་མེར་ཆུ་ཚོད་གཉིས་ཡས་མས་བསྲེག་དགོས། བཟོ་རིམ་ཐམས་ཅད་ལ་ལྷོད་གཡེང་སྤུ་ཙམ་བྱ་རྒྱུ་མེད་ལ་གལ་ཏེ་སླད་ཕྲན་བུ་འདྲེས་ཤོར་པ་ཡིན་ན་ཐོན་རྫས་ཀྱི་རྒྱུ་སྤུས་ལ་གནོད་པས་རྫ་མཁན་ལ་ལག་རྩལ་མཐོན་པོ་ཡོད་པའི་ཁར་ངང་རྒྱུད་ཀྱང་རིང་པོ་ཡིན་དགོས་པ་རེད། རྫ་མཁན་ཚོའི་སེམས་རྣལ་དུ་གནས་ཐུབ་པ་དང་ལྷོད་དུ་བབས་ཐུབ་པ། ངང་གཉུག་རིང་པོ་སྐྱོང་ཐུབ་པ་བཅས་ལས་གཞི་ནས་སྔོ་མདངས་འཕྲོས་པའི་སྨན་ཤོད་ཀྱི་རྫ་ཆས་ཐོན་ཐུབ།
འཇམ་དབྱངས་དགེ་ལེགས་ནི་ཞིང་ཆེན་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་འཐུས་ཚབ་རང་བཞིན་གྱི་རྣམ་གྲངས་སྡེ་དགེ་སྨན་ཤོད་སྲོལ་རྒྱུན་རྫ་བཟོ་ལག་རྩལ་གྱི་བརྒྱུད་འཛིན་པ་དང་། རྫ་མཁན་ཚང་རྫ་ནག་བཟོ་ཁང་གི་འགན་འཁུར་བ་ཡིན། འཇམ་དབྱངས་དགེ་ལེགས་ཀྱི་ཕ་བཀྲ་ཤིས་རྣམ་རྒྱལ་ནི་སྨན་ཤོད་རྫ་ནག་བཟོ་བའི་མཁན་པོ་ཡིན་ཞིང་། ཐོག་མར་ཁོ་ལ་རང་གི་ལག་ཤེས་བཟང་པོ་དེ་བུ་ལ་བརྒྱུད་འཛིན་དུ་བཅུག་པའི་བསམ་ཚུལ་མེད་དེ། གང་རེད་ཟེར་ན། སྐབས་དེར་རྫ་བཟོའི་ལས་ཀ་ནི་དཀའ་ཚེགས་ཆེ་ལ་ཐོན་རྫས་བཙོང་དཀའ་བ་དང་ཡོང་འབབ་ཉུང་བས་རེད། ཕ་ཡུལ་གྱི་ལག་བཟོ་ལ་ཞེན་པ་དཀར་བའི་བློ་གྲོས་ཕུན་ཚོགས་ཀྱིས་གནས་ཚུལ་དེར་མཐོང་དུས་རྫ་ནག་ལག་བཟོའི་རྒྱུན་ཆད་པར་དོགས་ནས་སེམས་ཀྱིས་མ་བཟོད་དེ་བཀྲ་ཤིས་རྣམ་རྒྱལ་ལ་ལག་ཤེས་རྒྱུན་བསྐྱང་དགོས་ཚུལ་གྱི་ཁ་ཏ་སློབ་གསོ་ཡང་བསྐྱར་བསྐོར་བསྐྱར་བྱས་མཐར་ལོ16ལ་སོན་པའི་འཇམ་དབྱངས་དགེ་ལེགས་ཀྱིས་གཞི་ནས་ཕའི་མདུན་དུ་སྲོལ་རྒྱུན་རྫ་ནག་བཟོ་རྩལ་སྦྱོང་བའི་སྐལ་བ་ཐོབ་སྟེ། སྨན་ཤོད་རྫ་ནག་བཟོ་རྩལ་གྱི་བརྒྱུད་འཛིན་པ་རབས་ལྔ་པར་གྱུར་པ་རེད།
འཇམ་དབྱངས་དགེ་ལེགས་ཀྱིས་ད་བར་རྫ་ནག་བཟོས་ནས་ལོ30སོང་ཞིང་། དེ་ནི་ས་དང་མེའི་ཁྲོད་ནས་རིམ་པར་འཚར་ལོངས་བྱུང་བའི་ལོ30ཡིན་ལ། རྫ་དྲི་བྲོ་བའི་ལག་མཐིལ་དུ་ཁྱིམ་རྒྱུད་ཀྱི་དྲན་ཤེས་བཀོད་པའི་ལོ30ཡང་ཡིན།
དཀའ་སྡུག་ཁྲོད་ནས་རང་ལུགས་རྫ་རྩལ་ཁྱད་དུ་འཕགས་པ་གྲུབ།
ལག་རྩལ་ཞིག་བྱང་བར་ལས་སླ་མོ་ག་ལ་ཡིན། དཀའ་ལས་བརྒྱབ་སྟེ་རྫ་ཆས་ཤིག་གྲུབ་དུས་ཚད་གཞིར་མ་སླེབས་པས་ཨ་ཕས་བཅག་པ་དང་། ཡང་འགོ་ནས་བཟོས་པ་དང་ཡང་བཅག་པ་བཅས་རེས་མོས་ངང་དུས་འདས་པ་ནི་འཇམ་དབྱངས་དགེ་ལེགས་ཀྱི་རྫ་བཟོ་ཐོག་མ་སྦྱོང་དུས་ཀྱི་རྒྱུན་རྣམ་ཡིན། ལོ30ཡི་རིང་ལ་ཁོའི་རྣ་ལམ་དུ་ཨ་ཕས་རྫ་བཟོ་ནི་ལས་ཀ་ཞིབ་ཕྲ་ཞིག་དང་དལ་ལས་ཤིག་ཡིན། དེ་ལ་སེམས་རྣམ་པར་དག་དགོས། བཟོད་བསྲན་ཆེ་དགོས། ཕམ་ཁར་སྐྲག་རྒྱུ་མེད། རྫ་བཟོའི་བརྒྱུད་རིམ་
ནི་འདམ་པ་དང་སྐད་ཆ་བཤད་པའི་བརྒྱུད་རིམ་ཡིན། དབྱིབས་དང་ཆེ་ཆུང་ག་འདྲ་ཞིག་བཟོ་བར་རང་དང་འདམ་པའི་བར་གྱི་འབྲེལ་བ་ཚོད་འཛིན་ཐུབ་མིན་ལ་རག་ལས་ཡོད་ཅེས་པ་ལ་སོགས་པའི་སྐད་ཆ་རྣམས་འགྲོ་འདུག་ཉལ་འཆག་ཏུ་ཡང་ཡང་གྲག་གི་ཡོད། ཨ་ཕའི་གཟབ་ནན་གྱི་མྱོང་ཁྲིད་དང་རང་གི་ཡག་ཐོག་ཡག་བརྩེགས་ལ་དང་དོད་ཆེ་བའི་མཐུན་རྐྱེན་ལས། འཇམ་དབྱངས་དགེ་ལེགས་ཀྱི་ལག་ནས་རྫ་ནག་གི་བཟའ་ཆས་དང་ཇ་ཆས། མཆོད་ཀོང་། སྤོས་སྣོད་གཙོས་པའི་རྫ་ཆས་སྤུས་དག་ཆར་རྗེས་ཀྱི་ཤོ་མོ་བཞིན་ཐོན་པ་དང་ཆབས་ཅིག་འཛད་སྤྱོད་པའི་གདེང་འཇོག་བཟང་པོ་ཡང་ཐོབ།
འཇམ་དབྱངས་དགེ་ལེགས་ཀྱིས་སྤྱི་ཚོགས་གོང་འཕེལ་དང་འཛད་སྤྱོད་པའི་དགོས་མཁོ་འཕོ་འགྱུར་བྱུང་བ་དང་བསྟུན་ནས། སྲོལ་རྒྱུན་གྱི་སྨན་ཤོད་རྫ་ནག་ཆེ་ཞིང་ལྕི་བས་ཁུར་བདེ་པོ་དེ་ཙམ་མེད། ཡུལ་སྐོར་འཕེལ་རྒྱས་ཕྱིན་པ་དང་མཉམ་དུ་འགྲུལ་པ་ཚོས་སྤུས་ལེགས་ཆུང་མཛེས་གྱི་ཐོན་རྫས་ལ་དང་དོད་བྱེད་ཀྱི་འདུག། དེ་བས་ངས་ཆེད་དུ་དེ་འདྲའི་ཐོན་རྫས་གསར་པ་བཟོ་བར་འབད་པ་ཡིན། དམིགས་ཡུལ་ནི་སྨན་ཤོད་རྫ་ནག་ཐག་རིང་ས་ཆ་མང་པོ་ལ་ཁྱབ་ཐུབ་པའི་དོན་དུ་ཡིན་ཞེས་བཤད། སྲོལ་རྒྱུན་ལག་རྩལ་ཡུན་རིང་གནས་དགོས་ན་ངེས་པར་སྲོལ་རྒྱུན་གྱི་སྙིང་པོ་མི་དོར་པའི་ཁར་གསར་གཏོད་ཆད་མེད་བྱ་དགོས་པའི་གནད་དམ་པ་འཇམ་དབྱངས་དགེ་ལེགས་ཀྱིས་གསལ་པོར་ཤེས་བཞིན་ཡོད་ལ་དེ་དེ་བཞིན་དུ་ལག་ལེན་ཡང་བསྟར་བཞིན་ཡོད། ཁོས་སྨན་ཤོད་རྫ་ནག་གི་ལོ་རྒྱུས་རིག་གནས་ཞིབ་འཇུག་བྱས་པ་དང་འབྲེལ་སྲོལ་རྒྱུན་རི་མོ་དང་དེང་རབས་འབྱུང་རྒྱུ་གང་ལེགས་སྦྲེལ་ཏེ་སྲོལ་རྒྱུན་གྱི་བྲོ་བ་མི་ཉམས་ལ་དེང་རབས་ཀྱི་མཛེས་སྣང་ཆེ་བའི་རྫ་ཆས་གསར་པ་རབ་དང་རིམ་པ་བཟོས་པ་དང་ཆབས་ཅིག་རང་ཉིད་ཀྱི་ལག་བཟོའི་སྒྱུ་
རྩལ་ཁྱད་ཆོས་ཁྱད་དུ་འཕགས་པ་ཞིག་ཀྱང་ངམ་ཤུགས་སུ་གྲུབ་ཡོད། ཁོའི་ལག་ནས་ཐོན་པའི་རྫ་ཆས་རེ་རེ་ལས་སྲོལ་རྒྱུན་དང་དེང་རབས་མཉམ་དུ་འདྲེས་པའི་ཉམས་དོད་ཅིང་ལག་རྩལ་བརྒྱུད་འཛིན་དང་གསར་གཏོད་མཉམ་འཛིན་གྱི་རང་མདངས་ཀྱང་གསལ། ཅི་བཤད་ཁ་ལ་མ་ལྟོས།། ཅི་བྱས་ལས་ལ་ལྟོས།། ཞེས་དཔེར་གྲགས་པ་ལྟར། འཇམ་དབྱངས་དགེ་ལེགས་ཀྱིས་གཟུགས་མེད་རིག་གནས་ཤུལ་བཞག་ནི་ལོ་རྒྱུས་ཀྱི་བདེན་དཔང་ཡིན་པར་མ་ཟད་རིག་གནས་ཀྱི་ཟུངས་ཁྲག་དྭངས་མ་ཡིན་ལ། བརྒྱུད་འཛིན་པ་ཚང་མས་དུས་བསྟུན་མདུན་སྐྱོད་ངང་འཛིན་སྐྱོང་སྤེལ་གསུམ་ལ་འབད་དགོས་པའི་གནས་ལུགས་རང་གི་བྱ་སྤྱོད་དངོས་ལ་བརྟེན་ནས་ར་སྤྲོད་བྱེད་བཞིན་ཡོད།
གཞུང་བསྲངས་གསར་གཏོད་ཀྱིས་རྫ་ནག་ལག་རྩལ་ལ་གསོན་ཤུགས་བསྩལ།
ནག་པོ་རྩི་དང་འདྲ། གསལ་བ་མེ་ལོང་འདྲ། འཇམ་པ་དཀར་ཡོལ་འདྲ་བ་སྟེ་འདྲ་བ་གསུམ་གྱིས་སྨན་ཤོད་རྫ་ནག་གི་ཁྱད་ཆོས་མངོན་པར་མཚོན་ཡོད། དེ་ལ་ལྷད་མེད་ཅིང་མི་ལུས་ལ་ཕན་པའི་འབྱུང་རྒྱུ་ཕྲ་མོ་འདུས་པས་ཕོ་བ་གསོ་བའི་སྣོད་མཆོག་ཡིན། བཟོ་རྩལ་ཁྱད་དུ་འཕགས་ཤིང་བག་ཆགས་ལ་གནའ་ཉམས་དོད་པ་དང་། ཡུན་ཇི་ཙམ་རིང་ན་ནག་མདངས་དེ་ཙམ་འཕྲོ་བ་སོགས་ལས་སྨན་ཤོད་རྫ་ནག་ལ་སྒྱུ་རྩལ་དང་ཉར་ཚགས་ཀྱི་རིན་ཐང་ཆེན་པོ་ཡོད་པ་མངོན་ཞིང་ཡང་བསྐྱར་དུས་དར་གྱི་དངོས་རྫས་སུ་གྱུར་པའི་རྨང་གཞི་བརྟན་པོར་གྲུབ། ཁྱད་འཕགས་ཀྱི་ལག་རྩལ་ནི་ཁྲག་དང་རྒྱུད་པའི་བརྒྱུད་འཛིན་ཞིག་ཏུ་ཚང་མས་ངོས་འཛིན་གྱི་ཡོད་མོད། འོན་ཀྱང་འཇམ་དབྱངས་དགེ་ལེགས་ཀྱིས་ལག་རྩལ་གསོན་པོར་གནས་དགོས་ན་སློབ་མཁན་ཡོད་དགོས།
སྦྱོང་མཁན་ཡོད་དགོས། སྤྱོད་མཁན་ཡོད་དགོས་པའི་འདུ་ཤེས་གསར་པ་བཅངས་ཏེ་སྦྱོང་འདོད་ཡོད་པའི་སློབ་བུ་ཕུད་རྫ་བཟོ་ལ་དགའ་ཞེན་ཡོད་མཁན་ཚང་མ་ལ་དཔེ་འཁྱུད་མེད་པར་མྱོང་ཁྲིད་བྱས། ཨ་ཕས་ཀྱང་རྒས་འཁོགས་མ་གྱུར་བར་དུ་སློབ་ཁྲིད་ཀྱི་འགན་བཞེས་ནས་ཁོ་ལ་རྒྱབ་སྐྱོར་བྱས། ཁོའི་སློབ་བུ་སྨན་ཤོད་རང་ཡུལ་ཙམ་དུ་མ་ཟད། སི་ཁྲོན་གྱི་ས་གནས་གཞན་དང་བོད་ལྗོངས། མཚོ་སྔོན། ཀོང་ཏུང་། ཁྲུང་ཆིང་སོགས་ལ་ཁྱབ་ནས་ཡོད་ཅིང་། རང་མགོ་ཐོན་མཁན་གྱི་སློབ་བུ40ལྷག་ཡོད། འཇམ་དབྱངས་དགེ་ལེགས་ཀྱིས་ནམ་རྒྱུན་སྨན་ཤོད་རྫ་ནག་ནི་སྨན་ཤོད་ཀྱི་ཡིན་ལ། འཛམ་གླིང་གི་ཡང་ཡིན། སྲོལ་རྒྱུན་རིག་གནས་ཕུལ་བྱུང་ཞིག་ཡིན་ཕྱིན་ཚང་མས་ལོངས་སུ་སྤྱོད་འོས་ཞེས་བཤད་པ་རེད།
ཉེ་བའི་ལོ་ཤས་རིང་ལ་ཁྲོམ་རའི་མཁོ་དགོས་དང་བསྟུན་ནས་རྫ་ནག་བཟོ་ཁང་གིས་ཁོ་ཧྥེ་ཕོར་པ་རབས་གསུམ་པ་བཟོས་ནས་ཐོན་པ་དང་། ད་དུང་ལག་ཐག་དང་སྐེ་ཐག། མེ་ཏོག་མཆོད་དམ་སོགས་རིག་འཆར་ཐོན་རྫས་གསར་པ་བཟོས་ནས་རྒྱལ་ཕྱི་ནང་གི་འཛད་སྤྱོད་པའི་དགའ་བསུ་ཐོབ། ད་སྔའི་བར་ཇ་སྣོད་སོགས་རྫ་ཆས་ཐོན་རྫས70ལྷག་ཡོད། འཇམ་དབྱངས་དགེ་ལེགས་ཀྱིས་གལ་ཏེ་རྫ་ནག་ལ་དཔལ་འབྱོར་རིན་ཐང་བྲལ་ནས་ལག་བཟོ་བ་འཚོ་གནས་མི་ཐུབ་པའི་གནས་སུ་གྱར་བ་ཡིན་ལག་རྩལ་དེ་རྒྱུན་ཆད་པའི་ཉེན་ཁ་ཡོད་པ་རེད། དེར་བརྟེན་གཞུང་བསྲངས་གསར་གཏོད་བྱས་ནས་དུས་རབས་ལ་མཁོ་བའི་ཐོན་རྫས་བཟོ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་ཞེས་བཤད། ཁོས་དེང་སང་འཕྲུལ་ཆས་ཀྱིས་རྫ་ཆས་འབོར་ཆེན་བཟོས་པའི་རིགས་ལ་བརྩེ་དུང་དང་དྲོད་ཁོལ་མེད་པར་འདོད་ཀྱང་ཨུ་ཚུགས་མཁྲེགས་འཛིན་གྱི་རྒྱ་རུ་ཡང་ཚུད་མེད་དེ། ཁོས་དེ་སྔོན་རྫ་ཆས་ཤིང་གིས་བསྲེག་དགོས་པའི་སྲོལ་བསྒྱུར་ནས་དྲོད་ཚད་སྟངས་འཛིན་དེ་བས་སླ་བའི་གློག་གིས་སྲེག་པའི་སྲོལ་གསར་བཙུགས། ཁོའི་རྙིང་དོར་གསར་ལེན་གྱི་ལས་སྟངས་དེས་སྐུལ་ཤུགས་འོག་ད་སྔར་བཟོ་ཁང་གི་ཚོང་བྲིན་ཚད་ལོ་རེ་བཞིན་ཇེ་ཆེར་སོང་བ་དང་། རྫ་བཟོ་བ20ལ་བྱང་ཆ་ཆེ་ཆུང་དང་ལས་ཀར་ཡོང་ཚད་སོགས་ལ་གཞིགས་ནས་ཉིན་རེར་སྒོར130ནས260བར་གྱི་ཡོང་འབབ་བརྟན་པོ་རག་ཐུབ་ཀྱི་ཡོད།
སྨན་ཤོད་རྫ་ནག་རྒྱལ་ཡོངས་སུ་སྐད་གྲགས་ཁྱབ་བཞིན་ཡོད་ཀྱང་། འཇམ་དབྱངས་དགེ་ལེགས་ཀྱིས་ད་དུང་ཚོང་ལམ་ནི་ང་ཚོའི་མི་འདང་ས་ཆེ་ཤོས་དེ་རེད་ཅེས་བཤད་པར་བལྟས་ན་ཁོའི་བསམ་དོན་ཡིད་བཞིན་འགྲུབ་པར་ད་དུང་འབད་བརྩོན་གྱི་བར་ཁོངས་ཆེན་པོ་ཡོད་པ་ཤེས་ཐུབ།། འཇམ་དབྱངས་དགེ་ལེགས་ཀྱི་བུ་མོ་ད་ལྟ་སློབ་ཆེན་འདོན་བཞིན་ཡོད་ལ། ཁོའི་རེ་བ་ནི་བུ་མོ་སློབ་མཐར་ཕྱིན་རྗེས་རྫ་ནག་ཕྱིར་འཚོང་ལ་ཆེད་དུ་བརྩོན་ནས་མི་དེ་བས་མང་པོས་རྫ་ནག་ལ་དོ་ཁུར་བྱེད་དུ་འཇུག་པ་དང་ཆབས་ཅིག་དཔལ་འབྱོར་གྱི་ཕན་འབྲས་ཆེན་པོ་ཐོན་ནས་མི་དེ་བས་མང་པོ་ལས་ཞུགས་ཐུབ་པ་དེ་རེད། ཁོས་ད་དུང་རང་གི་བུ་ལ་རྫ་བཟོ་ལག་རྩལ་བརྒྱུན་འཛིན་པའི་རེ་འདུན་ཡང་འཆོལ་བཞིན་ཡོད། ལག་རྩལ་མཁན་པོ་ཞིག་ཡིན་པའི་ངོས་ནས་རང་སྐལ་ལས་ཀ་ཉིན་བཞིན་དཔྱིས་ཕྱིན་ལེགས་པར་བསྒྲུབས་ན་མི་ཚེའི་དོན་འབྲས་ཀྱང་དེའི་ངང་ལ་སྨིན་ཡོང་བ་ནི་ཆོས་ཉིད་ལྡོག་མེད་ཡིན་པའི་ངོས་འཛིན་བྱུང་ཡོད།
སྨན་ཤོད་རྫ་ནག་ཏུ་ལོ་ཟླའི་འགྲོས་གཟུགས་ཤར་ཞིང་ངར་སེམས་དང་རྔུལ་ཆུའི་ཐིགས་པ་སིམ་ཡོད་ལ། ས་ཡི་སྙིང་པོ་དང་མེའི་སྙིང་པོས་གཏམས་ཡོད། བརྒྱུད་འཛིན་དང་གསར་གཏོད་ཀྱི་ཁྲོད་དུ་སྨན་ཤོད་རྫ་ནག་ལ་གསོན་ཉམས་བསྩལ་ཏེ། རྒྱང་སྐྱོད་ལམ་གསར་དུ་ས་དང་མེའི་འདུ་འགོད་ཀྱི་ལེའུ་གསར་པ་བརྩམ་རྒྱུ་ཡིན་ཞེས་འཇམ་དབྱངས་དགེ་ལེགས་ཀྱི་སྤོབས་པ་ཆེན་པོའི་སྐད་ཆ་སྨན་ཤོད་ཀྱི་བར་སྣང་ནས་གྲགས་ཏེ་ནམ་མཁའི་མཐའ་ལ་ཡོངས་སུ་ཁྱབ།།
( སྐལ་ཐུབ་ཀྱིས་བྲིས།)