国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཞིང་གི་བསྟན་བཅོས་སོ་ནམ་རྒན་པའི་ལག་རྗེས་ཞེས་པའི་ཚན་པ་འབྲུ་རིགས་སྨིན་པའི་བདུད་རྩི་ལུད་ཀྱི་རྒྱུན་ཤེས་རྩ་ཆེན།

ཧོར་ཁོག་ཟླ་བཟང་གིས་བྲིས།

རྒྱུ་ཆ་དེ་དག་རུལ་ནས་ལུད་དུ་འགྱུར་པ་ནི་སྐྱེ་ལྡན་རྫས་རྣམས་མཁའ་དབུགས་ལ་དགའ་བའི་སྐྱེ་དངོས་ཕྲ་རབ་ཀྱི་བྱེད་ནུས་འོག་ཏུ་ཕན་ཐོགས་ཡོད་པའི་འཚོ་བཅུད་གཞི་རྒྱུར་འགྱུར་པ་དང་གཞི་རྒྱུ་དེ་དག་གསོག་འཇོག་བྱེད་པའི་གོ་རིམ་ཞིག་ཡིན། དེ་བས་སྤུངས་གསོག་བྱེད་པའི་ལུད་རྫས་རུལ་ཐག་ཆད་དང་མ་ཆད་ནི་ལུད་སྤུངས་ནང་གི་སྐྱེ་དངོས་ཕྲ་རབ་ཀྱི་འགུལ་སྐྱོད་བྱེད་ཚུལ་ལ་རག་ལས་ཤིང་། སྐྱེ་དངོས་ཕྲ་རབ་ཀྱི་འགུལ་སྐྱོད་ལ་ཤུགས་རྐྱེན་བཏོན་པའི་རྒྱུ་རྐྱེན་རྣམས་དེ་ག་རང་ལུད་རྫས་རུལ་ཐག་ཆད་པའི་རྒྱུ་རྐྱེན་དུ་འགྱུར་ཡོད། དེའི་རྒྱུ་རྐྱེན་ལ་གཙོ་བོ་ཆུ་དང་། མཁའ་དབུགས། དྲོད་ཚད། གཞི་རྒྱུ་ཐཱན་དང་ཏན་གཉིས་མང་ཉུང་བསྡུར་པའི་ཚད། (C/N)སྐྱུར་བུལ་གྱི་ཚད(pH)རྣམས་ཡོད་ཅིང་། དེ་ལས་ཆུའི་རྒྱུ་རྐྱེན་ལ་མཚོན་ན། ཁོར་ཡུག་སྐམ་པོ་ན་སྐྱེ་དངོས་ཕྲ་རབ་འཚོ་གནས་དང་སྐྱེ་འཕེལ་བྱེད་མི་ཐུབ་པས་ཆུ་ནི་སྐྱེ་དངོས་ཕྲ་རབ་འཚོ་གནས་བྱེད་པའི་སྔོན་འགྲོའི་མཐུན་རྐྱེན་ཡིན་པ་དང་། རྒྱུ་ཆ་རྣམས་ཆུས་སྦངས་ནས་སྙི་མོར་གྱུར་རྗེས་ད་གཟོད་དབྱེ་ཕྲལ་བྱེད་བདེ་བ་དང་། ཆུའི་ཆ་རྣམས་ལུད་ཕུང་དུ་འགུལ་སྐྱོད་བྱེད་སྐབས་དེས་སྲིན་བུ་དང་བཅུད་རྫས་རྣམས་ཀྱང་ཕྱོགས་སོ་སོར་དྲངས་ཏེ་ཆ་སྙོམས་པོར་རུལ་ཐུབ་པ་དང་། ཆུས་ལུད་སྤུངས་གསེབ་ཏུ་མཁའ་དབུགས་དོ་སྙོམས་པོར་བྱེད་པ་སོགས་ཆུས་ཕྱོགས་མང་པོའི་ཐད་ནས་བྱེད་ནུས་འདོན་བཞིན་ཡོད་པས་ཆུ་ནི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་སོང་ཡོད། ཆུའི་མང་ཉུང་རན་པོའི་ཚད་ནི་ལུད་ཕུང་གི་རྒྱུ་ཆ་ལག་པས་བཅུམས་ན་ཆུ་ཐིགས་འབྱུང་ཐུབ་པ་ཙམ་གྱིས་ཆོག། མཁའ་དབུགས་ལ་མཚོན་ན། མཁའ་དབུགས་རྒྱུ་སྟངས་ཀྱིས་ལུད་ཕུང་ནང་གི་སྐྱེ་དངོས་ཕྲ་རབ་ཀྱི་འགྱུར་བ་ལ་ཤུགས་རྐྱེན་ཐེབས་ཤིང་། མཁའ་དབུགས་ལེགས་པར་རྒྱུ་མི་ཐུབ་པའི་སྐབས་སུ་མཁའ་དབུགས་ལ་དགའ་བའི་སྐྱེ་དངོས་ཕྲ་རབ་རྣམས་ཀྱི་འགུལ་སྐྱོད་ལ་བཀག་འགོག་ཐེབས་ཏེ་ལུད་རུལ་ཐག་མ་ཆད་པ་དང་སྤུས་ཀ་མི་བཟང་བར་འགྱུར་ལ། མཁའ་དབུགས་རྒྱུ་མང་དྲགས་ན་སྐྱེ་ལྡན་རྫས་ཀྱི་དབྱེ་ཕྲལ་ཛ་དྲག་ཆེ་དྲགས་ནས་ལུད་བཅུད་འཕྲོ་བརླག་ཏུ་འགྲོ། མཁའ་དབུགས་རྒྱུ་ཚད་རན་པོ་བྱེད་པ་ལ་ལུད་ཀྱི་རྒྱུ་ཆའི་རིང་ཐུང་དང་སྦོམ་ཕྲ། ཆུའི་མང་ཉུང་། ཚགས་དམ་ཆེ་ཆུང་། ཐོག་ཏུ་འགེབས་བྱེད་ཀྱི་ས་ཡི་སྲ་མཐུག་སོགས་ལ་འགྱུར་བ་གཏང་བ་དང་། ལུད་ཕུང་ཁྲོད་དུ་མཁའ་འབུགས་འགྲོ་སའི་ལམ་བཏོད་པ་སོགས་ཀྱིས་སྙོམ་སྒྲིག་བྱེད་ཆོག། སྤྱིའི་ཆ་ནས་ཐོག་མའི་སྐབས་སུ་མཁའ་དབུགས་ལེགས་པར་རྒྱུ་བར་བྱས་ན་དབྱེ་ཕྲལ་མགྱོགས་པོ་དང་དྲོད་ཚད་མཐོན་པོ་ཡོང་བ་དང་། གཞུག་ཏུ་ལུད་ཕུང་གསེང་དུ་མཁའ་དབུགས་མི་ཐར་བར་བྱས་ན་རུལ་ཐག་ཆད་པ་དང་བཅུད་འཕྲོ་བརླག་མི་འཆོར་བ་ལ་ཕན། དྲོད་ཚད་ལ་མཚོན་ན། སྐྱེ་དངོས་ཕྲ་རབ་འདྲ་མིན་སྣ་ཚོགས་སོ་སོའི་འགུལ་སྐྱོད་ལ་དྲོད་ཚད་མཐོ་དམའ་མི་འདྲ་བ་དགོས་ཤིང་། མཁའ་དབུགས་ལ་མི་དགའ་བའི་སྐྱེ་དངོས་ཕྲ་རབ་ལ་དྲོད་ཚད་ཧྲེ་ཧྲུ་ཏུའུ་ཉེར་ལྔ་ནས་སོ་ལྔ་ཡན་མན་དང་། མཁའ་དབུགས་ལ་དགའ་བའི་སྐྱེ་དངོས་ཕྲ་རབ་ལ་དྲོད་ཚད་ཏུའུ་བཞི་བཅུ་ནས་ལྔ་བཅུའི་བར་དང་། དྲོད་ཚད་མཐོན་པོ་དགོས་པའི་སྐྱེ་དངོས་ཕྲ་རབ་ལ་དྲོད་ཚད་ཏུའུ་དྲུག་ཅུ་ནས་རེ་ལྔའི་བར་བཅས་འཚམ་པོ་ཡིན། དྲོད་ཚད་ཚད་རན་པོར་བཟུང་བ་ནི་ལུད་སྤུས་བཟང་པོ་ཡོང་བའི་ཆ་རྐྱེན་གཙོ་བོ་ཞིག་ཡིན་ལ་དྲོད་ཚད་དམའ་ན་ལུད་ཕུང་དུ་རྟ་སྦངས་དང་དྲེལ་སྦངས་བཏིང་ནས་ཇེ་མཐོར་གཏང་བ་དང་། དེ་བཞིན་ལུད་ཕུང་ཆེ་ཆུང་ལ་འགྱུར་བ་གཏང་བ། ཆུ་དང་མཁའ་དབུགས་ལ་མང་ཉུང་འགྱུར་བ་གཏང་བ་སོགས་ཀྱིས་དྲོད་ཚད་ཚོད་འཛིན་བྱེད་ཆོག། དེ་བཞིན་གཞི་རྒྱུ་ཐཱན་དང་ཏན་གཉིས་མང་ཉུང་བསྡུར་པའི་ཚད་མཐོ་ན་སྐྱེ་དངོས་ཕྲ་རབ་ཀྱི་དབྱེ་ཕྲལ་ལ་མི་ལེགས་པས་དེའི་སྐབས་སུ་ཏན་འདུས་པའི་རྫས་ཆ་ཚད་རན་པོ་བླུགས་ནས་ཇེ་དམའ་རུ་གཏང་བ་དང་། བསྡུར་ཚད་དམའ་སོང་ན་སྐྱེ་ལྡན་རྫས་རྣམས་འཚོ་བཅུད་གཞི་རྒྱུར་འགྱུར་མྱུར་ཞིང་གསོག་འཇོག་མང་པོ་བྱེད་མི་ཐུབ་པར་འགྱུར། རྒྱུན་ལྡན་དུ་ཐཱན་དང་ཏན་གཉིས་ཀྱི་བསྡུར་ཚད(40:1)ལྟར་བྱས་ན་རན་པོ་བགྲངས། ཕུང་པོར་སྤུངས་ནས་ལུད་བསོགས་པའི་གནས་ལུགས་ནི་སྐྱེ་ལྡན་རྫས་བཅུད་རགས་པ་རྣམས་སྐྱེ་དངོས་ཕྲ་རབ་ཀྱི་བྱེད་ནུས་འོག་ཏུ་དབྱེ་ཕྲལ་དང་རུལ་པ་བྱས་ཏེ་སྐྱེ་ལྡན་ལུད་བཟང་པོར་བསྒྱུར་བ་ཡིན་ལ། སྤུངས་པའི་བརྒྱུད་རིམ་དུ་དངོས་པོའི་འགྱུར་རེས་དང་དྲོད་ཚད་འགྱུར་ལྡོག་ལ་བལྟོས་ནས་དུས་རིམ་པ་བཞིར་དབྱེ་ཆོག་པ་སྟེ། ཕུང་པོ་སྤུངས་ནས་དྲོད་ཚད་ཏུའུ་ལྔ་བཅུ་ཡན་མན་དུ་སླེབས་སྐབས་ལ་ཚ་བ་རྒྱས་པའི་དུས་ཏེ། དེའི་ཚེ་དྲོད་ཚད་འཇམ་པོ་ལ་དགའ་བའི་སྐྱེ་དངོས་ཕྲ་མོ་ཚོས་ལུད་སྤུངས་ཁྲོད་ཀྱི་ཆུས་ཞུ་བའི་སྐྱེ་ལྡན་དངོས་རྫས་ལ་བརྟེན་ནས་མྱུར་དུ་འཕེལ་སྟོབས་རྒྱས་ཤིང་སྤྲི་དཀར་རྫས་དང་ཚི་སྣའི་རྒྱུ་སོགས་དབྱེ་ཕྲལ་བྱེད་ཞོར་དུ་ཨིན་དང་། དབྱང་གཉིས་ཐཱན་རྫས། ཚ་བ་རྣམས་བཏང་པས་ལུད་ཕུང་ནང་རོལ་གྱི་དྲོད་ཚད་མུ་མཐུད་དེ་ཇེ་མཐོར་འགྲོ། དེ་ནས་དྲོད་ཚད་ཧྲེ་ཧྲུ་ཏུའུ་ལྔ་བཅུ་ནས་བདུན་ཅུའི་བར་དུ་སླེབས་སྐབས་ཚ་བ་ཆེ་བའི་དུས་ཏེ། ཚ་བ་ལ་དགའ་བའི་སྐྱེ་དངོས་ཕྲ་མོ་ཚོས་དྲོད་ཚད་འཇམ་པ་ལ་དགའ་བའི་སྐྱེ་དངོས་ཕྲ་མོ་རྣམས་ཀྱི་འཐུས་ཚབ་བྱས་ཏེ་གཙོ་བོ་ཚི་སྣའི་རྒྱུ་སོགས་རྙོག་དྲ་ཚ་བའི་དངོས་རྫས་རྣམས་དབྱེ་ཕྲལ་བྱས་ཏེ་ཚ་བ་འབོལ་ཆེན་བཏང་ཞིང་ལུད་ཕུང་རུལ་བ་དང་། འབུ་ཕྲ་བསད་པ། རྩྭ་ལྡུམ་གྱི་ས་བོན་འཇོམས་པ་སོགས་ཀྱི་བྱེད་ནུས་བཏོན། དེ་རྗེས་དྲོད་ཚད་ཏུའུ་ལྔ་བཅུར་ཕྱིར་བབས་ཤིང་། དྲོད་ཚད་འགྲིབ་པའི་དུས་རིམ་དུ་ལྷག་འཕྲོའི་ཚི་སྣ་སོགས་དབྱེ་ཕྲལ་བྱེད་ཅིང་གཙོ་བོ་རུལ་མྱགས་ཀྱི་དངོས་རྫས་རྣམས་འདྲེས་སྦྱོར་བྱེད། འདིའི་སྐབས་ལུད་ཕུང་སྟེང་འོག་བསློགས་ཏེ་ཕྱིའི་མ་རུལ་བ་རྣམས་ནང་དུ་གླན་པ་དང་ཆུ་རན་པོ་བཀྲམ་ན་རུལ་ཐག་ཆད་པ་དང་ལུད་སྤུས་བཟང་བ་ལ་ཕན། རིམ་པ་མཐའ་མ་ལ་གཙོ་བོ་རུལ་རྫས་དང་འཚོ་བཅུད་གསོག་འཇོག་བྱེད་པའི་དུས་རིམ་སྟེ། དམ་པོ་གླན་གནོན་བྱེད་པ་དང་། འདམ་བག་དབྱིས་ནས་གཡོགས་པ། སས་བཀབ་པ་སོགས་ཀྱིས་རླུང་མི་རྒྱུ་བ་བྱས་ན་རྫས་ཆ་རྣམས་མུ་མཐུད་དེ་རུལ་ཐག་ཆད་པ་ལ་ཕན་པ་ཡོད། རུལ་ཐག་མ་ཆད་པའི་ལུད་ཀྱི་ཁ་དོག་སེར་ནག་དང་། བཅུམས་པའི་ཁུ་བ་རྫ་མདོག། རྒྱུ་ཆ་སྙི་མོ་ཆད་སླ་བ། རྡོག་པོར་རྫི་ཆོག་ཀྱང་བཏང་མ་ཐག་ཏུ་གྲོལ་བ། དྲི་ངན་ཐུལ་བ་སོགས་ཁྱད་ཆོས་མངོན་ཞིང་། རུལ་ཐག་ཆད་པ་ལ་མདོག་ནག་པོ་དང་། ཁུ་བ་ལ་མདོག་མེད་པའམ་རྫ་མདོག། རྒྱུ་ཆ་དབྱིབས་འགྱུར་ཐག་ཆད་པ། འཐེན་ན་ཤིན་ཏུ་ཆད་སླ་བ། བོངས་ཚད་སྔ་ལས་ལྡབ་གཉིས་ཆའི་གཅིག་གམ་སུམ་ཆའི་གཅིག་ཉུང་ཟིན་པ་སོགས་ཀྱི་ཁྱད་ཆོས་མངོན་པ་ཡིན། དེ་ལྟར་བསོགས་པའི་ལུད་རིགས་ཀྱི་རྒྱུ་ཆ་གཙོ་བོ་སྐྱེ་དངོས་ཀྱི་སོག་ཡུ་སོགས་ཡིན་པས་རྒྱུ་ཆ་རིགས་མི་འདྲ་བའི་བཅུད་ཆེ་ཆུང་ཡང་འདྲ་མི་སྲིད། ལུད་བེད་སྤྱོད་སྐབས་ལྷས་རའི་ལུད་དང་མཚུངས་པ་གཙོ་བོ་འོག་ལུད་དུ་རྒྱག་ཅིང་། བྱེ་སའི་ཞིང་དང་། དྲོད་མཐོ་ཞིང་ཆར་ཆུ་འབེལ་བའི་ས་རུ་ལོ་ཏོག་སྐྱེ་ཡུན་རིང་པོ་ཡིན་ན་ཕྱེད་རུལ་བ་ཡང་ཆོག་ལ། ས་ཚི་ཅན་གྱི་ཞིང་དང་། དྲོད་ཚད་དམའ་ཞིང་ཆར་ཆུ་དཀོན་སར་ལོ་ཏོག་སྐྱེ་ཡུན་ཐུང་བ་ལ་རུལ་ཐག་ཆད་པའི་ལུད་བཀྲམ་ན་བཟང་། རུལ་ཐག་མ་ཆད་པ་རྣམས་ཐད་ཀར་ས་བོན་དང་བ་ཐག་ལ་ཐུག་མི་རུང་།

ད་དུང་ལུད་ཀྱི་རིགས་གཞན་ཞིག་ལ་རྒྱུ་ཆ་གཙོ་བོ་རྩི་ཤིང་སྔོན་པོ་རྣམས་བྱས་པའི་སྔོ་ལུད་དེ། དཔེར་ན་དབྱར་སློག་བཅད་ནས་རྩྭ་ལྡུམ་རྣམས་ལུད་དུ་ས་འོག་ཏུ་གླེབ་པ་ལྟ་བུ། རྩི་ཤིང་སྔོན་པོ་སོ་མ་ལ་སྐྱེ་ལྡན་རྫས་ཧ་ལམ་བརྒྱ་ཆ་བཅུ་གཉིས་ནས་བཅོ་ལྔ་ཡན་མན་དང་། གཞི་རྒྱུ་ཏན་བརྒྱ་ཆ་ཐིག་ཚེག་གསུམ་ནས་ཐིག་ཚེག་དྲུག་བར་འདུས་ཤིང་དེ་དག་ས་འོག་ཏུ་གླན་ན་དེ་བཞིན་དུ་ཕན་ཐོགས་འབྱུང་བཞིན་ཡོད་པ་དང་། རྩི་ཤིང་ལ་བ་ཐག་རིང་པོ་དང་མ་ལག་རྒྱས་པོ་ཡོད་པས་རྨོ་མི་ཐུབ་པའི་གཏིང་ཟབ་སའི་བཅུད་རྣམས་བསྡུས་ནས་ཕལ་མོ་ཆེ་ཡང་བསྐྱར་རྨོས་ཐུབ་སར་འདྲེན་པ་དང་། ཞིང་སའི་རླན་བཞའ་སྲུང་པ་དང་། ཆུ་འཐིམ་པ། ལུད་སྲུང་བ། ལུད་ཀྱི་ནུས་པ་ཐོན་པ། རྨོན་བཟང་བ་སོགས་ཀྱི་ཕན་བཏབ་ནས་ཞིང་ས་གཤིན་པོ་དང་ས་རྒྱུ་སྤུས་དག་ཏུ་བསྒྱུར་པ་སོགས་ཀྱི་དགེ་མཚན་དུ་མ་འབྱུང་བཞིན་ཡོད། རྐང་བཙུགས་ཏེ་ལུད་ཀྱི་ཆེད་དུ་རྨོས་འདེབས་བྱེད་ཆོག་པའི་རྩི་ཤིང་གི་རིགས་ཀྱང་མང་པོ་ཡོད། སྔོ་ལུད་བེད་སྤྱོད་སྟངས་ལ་ཧ་ལམ་གསུམ་སྟེ། རྨོས་ནས་ཐད་ཀར་ཞིང་སར་སྦས་པ་དང་། བྲེགས་ནས་ཕུང་པོར་སྤུངས་པའམ་ཆུར་སྦངས་ཏེ་རུལ་དུ་བཅུག་པ་དང་། ཕྱུགས་ཟོག་གིས་ཟོས་རྗེས་གཅིན་བྲུན་ཞིང་ལ་བཀྲམ་པ་བཅས་ཡོད། རྨོས་ནས་སྦ་སྐབས་རྨོས་སྔ་ན་རྩི་ཤིང་ཆུང་ངུ་རུལ་སླ་ཡང་བཅུད་ཆུང་ཞིང་བོངས་ཉུང་བ་དང་། རྨོས་ཕྱི་ན་རུལ་དཀའ་ཞིང་དབྱེ་ཕྲལ་མི་བདེ་བ་སོགས་ཀྱི་ཞན་ཡོད་པས་སྲན་མའི་རིགས་ལ་མེ་ཏོག་ཤར་བ་དང་ནས་ལ་སྙེ་མ་ཐོག་མར་འབུད་པའི་སྐབས་སུ་རྨོས་ན་རན་པོ་ཡིན།

དེ་མིན་ས་ལུད་ཅེས་ཆུ་དང་རྫིང་བུ་ཆུ་འོབས་སོགས་སུ་འདུས་པའི་ས་འདམ་དང་མེས་བསྲེགས་པའི་ས་སོགས་ཞིང་དུ་བེད་སྤྱོད་ཆོག་པའི་ས་ཡི་རིགས་ཀྱང་ཡོད། དེ་དག་ནི་རང་རྐྱ་འཕེར་པས་བེད་སྤྱོད་མི་རུང་ཡང་རྫས་ཆ་གཞན་དང་བསྲེས་ནས་རུལ་དུ་བཅུག་སྟེ་ལུད་རྫས་སུ་གསོག་ཆོག་པ་ཡིན་ནོ།།

མིའི་ལག་རྩལ་ལ་བརྟེན་ནས་སྡེབ་སྦྱོར་བྱེད་པའི་རྫས་འགྱུར་གྱི་ལུད་ལ་ཏན་ལུད་དང་། ལིན་ལུད། ཅཱ་ལུད། གཞི་རྒྱུ་ཚ་ལ་དང་མཱན་མོལ་ཏི་ཚ་སོགས་འདུས་པའི་རྫས་འགྱུར་གྱི་ལུད། གཞི་རྒྱུ་དེ་དག་དུ་མ་མཉམ་དུ་བསྲེས་པའི་རྫས་འགྱུར་གྱི་ལུད་སོགས་སྣ་ཚོགས་པ་ཡོད་ཅིང་། སོ་སོ་སྐབས་བབས་ཀྱི་ཞིང་སའི་ཁྱད་ཆོས་དང་ལོ་ཏོག་གི་དགོས་མཁོ་སོགས་དང་བསྟུན་ནས་ཡུལ་དུས་ལ་འཚམས་ཤིང་ཚད་རན་པོས་བེད་སྤྱད་དགོས་པ་ཤ་སྟག་ཡིན་ནོ།།ཡུལ་ལུང་འདི་ལ་མཚོན་ན་སྒོ་ཕྱུགས་ཡོད་མཁན་རིམ་བཞིན་ཇེ་ཉུང་དུ་སོང་ནས་རང་བྱུང་སྐྱེ་ལྡན་གྱི་ལུད་དཀོན་པོར་གྱུར་སྟབས། དེང་སང་ཞིང་ནང་དུ་མིས་བཟོས་པའི་རྫས་འགྱུར་གྱི་ལུད་ཉོས་ཏེ་འགྲེམ་མཁན་ཇེ་མང་དུ་གྱུར། ཡིན་ན་ཡང་ལོ་བསྟུན་མར་སྤྱད་ན་རིམ་གྱི་ཞིང་ལ་ས་བཅུད་ཉམས་ཏེ་ལོ་ཏོག་ཡག་པོ་མི་སྐྱེ་བར་འདུག་ཅེས་ཟེར་མཁན་མང་ལ། ལྷག་པར་དུ་ཚད་རན་པོ་གང་ལྟར་དགོས་པ་མ་ཤེས་པས་ཇི་ཙམ་མང་ན་དེ་ལྟར་བཟང་བར་འདོད་ནས་བཀྲམ་དྲགས་སོང་ན་ལོ་ཐོག་ལ་གནོད་པར་མ་ཟད་འབྲུ་རིགས་ལ་མིའི་ལུས་ཁམས་ལ་འཚེ་བའི་གྲུབ་རྫས་འདུས་པ་ནི་སྨོས་མེད་རེད། དེ་བས་དུད་ཚང་རྣམ་དཔྱོད་ཅན་དག་གིས་རང་གི་ཟས་སུ་བཀོལ་བའི་འབྲུ་ཞིང་དུ་རང་བྱུང་གིས་ལུད་ལས་རྫས་འགྱུར་གྱི་ལུད་སྤུ་ཙམ་མི་སྤྱོད་པའང་ཡོད། དིང་སང་ཆེད་ལས་པ་ཚོས་ཀྱང་མ་རྨོས་གོང་ལ་ཞིང་མུའུ་གང་རེ་ལ་ཁྱིམ་གྱི་ལུད་རྒྱ་མ་སུམ་སྟོང་དུ་མིས་བཟོས་པའི་སྦྱོར་ལུད(复合肥)རྒྱ་མ་ཉི་ཤུ་ནས་སུམ་བཅུའམ་ཡང་ན་གཅིན་རྒྱུའི་ལུད(尿素)རྒྱ་མ་བཅུ། གཞི་རྒྱུ་ལིན(磷)འདུས་པའི་ལུད་རྒྱ་མ་ལྔ་བཅུ་བཅས་བསྲེས་ནས་བཀྲམ་ན་བཟང་བ་དང་། དེ་ནས་ལྗང་བུ་ལོ་མ་ཐོག་མར་ཁ་ཕྱེ་བའི་དུས་སུ་གཅིན་རྒྱུའི་ལུད་རྒྱ་མ་དྲུག་ནས་བཅུའི་བར་བཀྲམ་ན་མྱུ་གུ་སྟོབས་རྒྱས་པར་ཕན་ཞེས་དང་། རྒྱལ་ཡོངས་ཞིང་ལས་ལག་རྩལ་རྒྱ་བསྐྱེད་ཞབས་ཞུ་ལྟེ་གནས་ཀྱི༢༠༡༩ལོའི་ནས་ཀྱི་ཐོན་སྐྱེད་ལག་རྩལ་མཛུབ་སྟོན་བསམ་འཆར་གྱི་ནང་དུ་སི་ཁྲོན་ཉག་ཆུའི་འགྲམ་རྒྱུད་ཀྱི་དཀར་མཛེས་དང་ཉག་རོང་། བོད་ལྗོངས་ཀྱི་མཚོ་འཕགས་སུམ་སྟོང་ནས་བཞི་སྟོང་བར་གྱི་ས་ཆ་སོགས་སུ་ལུད་བཀྲམ་སྐབས་ཚན་རིག་དང་མཐུན་པས་བསྲེས་ཤིང་འོག་ལུད་འདང་ཤག་ཤག་དགྲམ་དགོས་ཏེ། འོག་ལུད་མང་ཞིང་ཁ་ལུད་ཉུང་བའི་རྩ་དོན་གཞིར་བཟུང་ནས་ལུད་བཀྲམ་ཐེངས་གཅིག་གིས་འདང་ཤག་ཤག་བྱེད་པ་ལ། མ་རྨོ་གོང་ལ་ཞིང་མུའུ་གང་རེ་ལ་ཁྱིམ་ལུད་སྟོང་ཁེ་ཆིག་སྟོང་ཡན་ནམ་ར་ལུག་གི་ལུད་རྣལ་མ་ཡིན་ན་སྟོང་ཁེ་དྲུག་བརྒྱ་ནས་བརྒྱད་བརྒྱ་བར་བཀྲམ་ཐོག་གཞན་མིས་བཟོས་པའི་སྦྱོར་ལུད་སྟོང་ཁེ་སུམ་ཅུའམ། ཡང་ན་ལིན་ལུད་དང་གཅིན་རྒྱུའི་ལུད་སོ་སོ་སྟོང་ཁེ་བཅུ་གཉིས་ནས་བཅོ་ལྔའི་བར་རེ་དགྲམ་དགོས་ཞེས་རྫས་འགྱུར་གྱི་ལུད་འདེབས་པར་ཚད་རན་པོ་དགོས་པ་གསུངས་ཡོད།

ལོ་ངོ་བཅུ་ཕྲག་དང་བརྒྱ་ཕྲག་སྔོན་ནས་ཞིང་ལས་ཚན་རིག་ཅན་དུ་འགྱུར་བ་ཞེས་ཞིང་ལ་རྫས་འགྱུར་གྱི་ལུད་འདྲེན་པ་དང་རྩྭ་ལྡུམ་འགོག་པའི་དུག་རྫས་བཏབ་པ་སོགས་གཞི་རྒྱ་ཆེན་པོས་བེད་སྤྱད་དེ་ཡུན་རིང་སོང་བའི་རྒྱལ་ཕྱི་ནང་གི་ཡུལ་གྲུ་དག་ན་རྫས་འགྱུར་གྱི་ལུད་རྫས་ཀྱིས་མིའི་ལུས་ཁམས་བདེ་ཐང་ལ་དངོས་ཤུགས་བརྒྱུད་ནས་གནོད་པ་རབ་དང་རིམ་པ་བྱུང་དང་འབྱུང་བཞིན་ཡོད་པ་ཤེས་ཏེ། ལོ་ངོ་ལྔ་བཅུ་ཡན་མན་ཙམ་གྱི་སྔོན་ནས་མགོ་བཙུགས་ཏེ་རྟ་ཟོག་སེམས་ཅན་སོགས་ལས་བྱུང་བའི་རང་བྱུང་སྐྱེ་ལྡན་གྱི་ལུད་བེད་སྤྱོད་གཏོང་བ་ཁྱབ་སྤེལ་དང་རྫས་འགྱུར་གྱི་ལུད་སྤང་ཐབས་བྱེད་བཞིན་ཡོད་ཅིང་། རྫས་འགྱུར་གྱི་ལུད་རྫས་མེད་པའི་ཞིང་ལས་ཐོན་རྫས་ལོངས་སུ་སྤྱོད་པ་ནི་འཚོ་བའི་ཆུ་ཚད་མཐོན་པོ་དང་ཟས་རིགས་ཕུལ་དུ་བྱུང་བར་རྩི་བཞིན་ཡོད། ཚན་རིག་ལག་རྩལ་སྔོན་དུ་ཐོན་ཞིང་འཚོ་བའི་ཆུ་ཚད་མཐོན་པོར་སོང་དང་འགྲོ་བཞིན་པའི་རྒྱལ་ཁབ་དང་གྲོང་ཁྱེར་མང་པོ་ན་ལོ་ཐོག་འབྲུ་རིགས་ལོངས་སུ་སྤྱོད་མཁན་གྱི་འཛད་སྤྱོད་པ་ཆ་རྐྱེན་ཡོད་མཁན་རྣམས་དང་ལོ་ཐོག་སོ་ནམ་བྱེད་མཁན་གྱི་ཞིང་པ་གཉིས་སྣ་འབྲེལ་མཉམ་ལས་ངང་སྐྱེ་ལྡན་གྱི་ལུད་མ་གཏོགས་རྫས་འགྱུར་ཀྱི་ལུད་རྫས་གཏན་ནས་མེད་པའི་འབྲུ་རིགས་སྔོ་ཚལ་རྨོད་འདེབས་དང་ལོངས་སུ་སྤྱོད་པའི་ལུགས་སྲོལ་དར་དང་དར་མགོ་འཛུགས་བཞིན་ཡོད་པ་གསར་འགྱུར་ལས་ཀྱང་ཡང་ནས་ཡང་དུ་བསྒྲགས་པར་མཐོང་། རྫས་འགྱུར་གྱི་ལུད་དང་དུག་རྫས་བཏབ་པ་ལ་མ་མཁས་ན་ལོ་ཏོག་འབྲུ་རིགས་ལ་ཐད་ཀར་ཞད་ཞུགས་པར་མ་ཟད། ད་དུང་ཞིང་པ་ཚོ་ལས་ལོ་ཏོག་གི་གྲོགས་སུ་གྱུར་པའི་སྦལ་བ་དང་། སྦྲུལ། ཁང་བྱེའུ་སོགས་སྔོན་ཆད་གང་ས་གང་ན་ཡོད་པའི་སེམས་ཅན་རིགས་མང་པོ་ཞིག་ད་ལྟར་ལ་ལ་ནི་ཡུལ་འདིར་ཡེ་ནས་མེད་པར་གྱུར་ཅིང་ལ་ལ་ནི་ཤིན་ཏུ་དཀོན་པོར་འགྱུར་བཞིན་ཡོད་པས་སྐྱེ་ཁམས་མ་ལག་ལ་གནོད་པ་སྐྱེལ་བཞིན་ཡོད་པའི་དོགས་གཞི་ཆེན་པོ་ཡོད་སྣང་ཤར་མཁན་ཡང་མི་ཉུང་ངོ་།།