ཨ་ཐང་ཆད་པའི་སྤྲིན་པ་ལྡོམ་པོ་ཞིག་གིས།
ཕ་ཡུལ་གྱི་དྲོད་ཁོལ་དང་དྲན་གདུང་གླེང་ཞོར།
འཕེལ་རྒྱས་ཀྱི་ལམ་དུ་ཞུགས་པའི་སྐྱེ་བོ་དག་གི་
ངོ་མཚར་གྱི་ལོ་རྒྱུས་ཕྲེང་བར་བརྒྱུས་ཏེ།
ན་གཞོན་གྱི་རྒྱལ་ཁམས་ཕྱི་ན་ཡོད།
ཕ་ཡུལ་ནི་ཚེ་གང་གི་སྡོད་གནས་གཏན་ནས་མིན་ཟེར།
མཛའ་གྲོགས་བོར་བའི་སྤྲིན་པ་ཁེར་འགྲོ་ཞིག
སྐྱོ་གདུང་གི་བདུད་རྩིས་ར་རོར་བསྒྱུར་ཏེ།
སྙིང་སྡུག་གི་བརྩེ་བ་དང་འཛུམ་མདངས་རུམ་ནས།
ན་གཞོན་གྱི་གྲུབ་འབྲས་བྱ་གཞག་ཏུ་ཡོད།
བརྩེ་དུང་ནི་བདེ་སྐྱིད་ཀྱི་གཤེད་མ་ཡིན།
བུད་མེད་ཀྱི་བསླུ་བྲིད་སྤང་དགོས་ཟེར།
མཐོང་མ་མྱོང་བའི་སྤྲིན་པ་གཞན་ཞིག།
ཁྲི་གདུགས་ཉི་མའི་འོད་སྣང་གི་འཁྱམས་འོག་ནས།
དལ་བུར་བྱོན་ཏེ་
ངའི་མགོ་ཐོག་གི་ནམ་མཁའ་ནས།
སྨྲ་བ་ཅི་ཡང་མེད་པར་བལྟས་བལྟས་རྗེས།
ཁོང་དགོད་ཅིག་བྱས་སོང་།
༼ ཉག་ཕྲན། ༽