ངོ་སྤྲོད་མདོར་བསྡུས།
ཧོར་གཙང་ལྷ་ལུང་འཚོ་ནི1988ལོར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་གི་འབྲོག་ཁྱིམ་དཀྱུས་མ་ཞིག་ནས་སྐྱེས་ཤིང་། ཆུང་དུས་སུ་ཤེས་རིག་གི་སྒོ་ཐེམ་བསྙེག་རྒྱུའི་གོ་སྐབས་མ་རྙེད་རུང་། རང་གིས་རིག་གནས་སློབ་སྦྱོང་དང་ལྷག་པར་དུ་རང་ཉིད་ཀྱི་ལྷན་སྐྱེས་སྐད་ངག་སྙན་མོ་ལ་བརྟེན་ནས་གླུ་གཞས་སྒྱུ་རྩལ་སྐོར་ལ་སྦྱངས་པ་དཔྱིས་ཕྱིན་པ་བྱས་ཏེ་ད་ལྟར་དམངས་ཁྲོད་གླུ་དབྱངས་དང་གླུ་གཞས་གསར་རྩོམ་གྱི་གྲུབ་འབྲས་བཟང་པོ་བླངས་དང་ལེན་བཞིན་སྒྱུ་རྩལ་རིག་པའི་ཞིང་ནས་འབད་པའི་སྙིང་སྟོབས་རྒྱས་པའི་བོད་ཀྱི་གཞོན་སྐྱེས་གཞས་མ་ཞིག་ཏུ་གྱུར།
2004ལོར་ཀན་ལྷོ་ཁུལ་ཅོ་ནེ་རྫོང་གི་ཟློས་གར་ཚོགས་པར་ཞུགས་ཏེ་རིག་རྩལ་འཁྲབ་སྟོན་པ་ཞིག་ཏུ་གྱུར་པ་དང་། 2006ལོར་རང་སྦྱོང་བརྒྱུད་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་སྡེ་ཁག་གི་རྩོམ་རིག་ཆེད་སྦྱོང་འཛིན་གྲྭར་རྒྱུགས་འཕྲོད་དེ་སློབ་སྦྱོང་གི་སྐལ་བ་ཐོབ་པ་དང་། དུས་མཚུངས་སུ་སློབ་གྲྭ་དེའི་རོལ་དབྱངས་སློབ་གླིང་ནས་རོལ་དབྱངས་སྐོར་གྱི་ཤེས་བྱར་སྦྱངས། 2013ལོར་མི་སྒེར་གྱི་གླུ་གཞས་ཆེད་བསྒྲིགས་ཐོག་མ《གསེར་གྱི་མེ་ཏོག》འགྲེམས་སྤེལ་བྱས། དེ་ཡང་གཞས་མ་ཁོས་རྒྱལ་ཕྱི་ནང་ཀུན་གྱི་གར་སྟེགས་ཆེ་འབྲིང་ཆུང་གསུམ་དུ་འཁྲབ་སྟོན་བྱས་མྱོང་བ་དང་བོད་རིགས་མང་ཚོགས་ཀྱིས་དགའ་བསུ་ཆེས་ཆེར་བྱས་ཤིང་བོད་ཀྱི་གླུ་གར་གྱི་སྟེགས་བུའི་སྟེང་དུ་གོ་གནས་ངེས་ཅན་ཡོད་པའི་གཞོན་སྐྱེས་གཞས་མ་ཞིག་ཡིན། ལྷག་པར2019ལོ་ནས་བཟུང་ཧྥ་རན་སི་དང་སི་ཝེས་ཙེར། བྷེལ་ཇམ། འཇར་མན། ཧོ་ལན་སོགས་རྒྱལ་ཁབ་མང་པོར་འཁྲབ་སྟོན་དུ་ཕྱིན་ནས་ཀུན་གྱི་དགའ་བསུ་ཐོབ་འདུག།
མོས་སྔ་ཕྱིར《སེམས་གཞས》དང《གསེར་གྱི་མེ་ཏོག》 《འབྲུག་མོའི་སྐྱེམས་ཆང》 《ཕ་ཡུལ》 《བོད་པའི་བུ་མོ》སོགས་གླུ་གཞས་བརྩམས་ཆོས60ལྷག་བོད་རིགས་མི་དམངས་ཀྱི་རྣ་བའི་བཅུད་དང་ཡིད་ཀྱི་གསོས་སུ་ཕུལ་བས་གཞས་མ་ལྷ་ལུང་འཚོ་ཞེས་པའི་མགྲིན་པའི་ངག་ལ་རང་དབང་འབྱོར་བའི་གཞས་མ་འདིའི་སྙན་པའི་གྲགས་པ་ཡང་བོད་ཡུལ་སྟོད་སྨད་བར་གསུམ་ཀུན་ཏུ་ཁྱབ།
བཅར་འདྲིའི་ལེའུ།
གསར་འགོད་པ། ཐོག་མར་ཁྱེད་རང་གི་སློབ་སྦྱོང་དང་གླུ་གཞས་སྒྱུ་རྩལ་ལ་ཞུགས་པའི་བརྒྱུད་རིམ་མདོར་བསྡུས་ཤིག་བརྗོད་རོགས་ལགས།
ཧོར་གཙང་ལྷ་ལུང་འཚོ། ང་རང་ཆུང་དུས་སློབ་གཉེར་གྱི་གོ་སྐབས་མ་བྱུང་ཞིང་། རྗེས་སུ་སྔོན་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་གཙོའི་འགན་བཞེས་མྱོང་བའི་དགེ་རྒན་ཆེན་མོ་རྒྱལ་ཚང་སྙིང་པོ་རྒྱལ་ལ་ཕྱག་རོགས་ཤིག་དགོས་ཚུལ་ཡོད་པས་ཁོང་གི་མདུན་དུ་མངགས་པ་རེད། སྐབས་དེར་ང་ལོ་བཅུ་བཞི་ལ་ལོན་ཡོད། དེ་བཞིན་དགེ་རྒན་ཁོང་གིས་ང་རང་ཚ་མོ་ལྟར་བྱམས་ཀྱིས་བསྐྱངས་ཤིང་། ཡི་གེ་འབྲི་ཀློག་དང་ལྷག་པར་དུ་རོལ་དབྱངས་དགེ་རྒན་ཆེད་དུ་མངགས་ནས་གླུ་གཞས་ཕྱོགས་ལ་སྦྱོང་བ་བྱེད་དུ་བཅུག ། འདི་ལྟར་ཁོང་གི་སྐུ་དྲིན་ཐུགས་རྗེའི་འོག་ནས་རིམ་བཞིན་གླུ་གཞས་སྒྱུ་རྩལ་དང་རིག་གནས་སློབ་སྦྱོང་ལ་གོ་སྐབས་རེ་རེ་བཞིན་དམ་འཛིན་བྱས་ནས་ཡོང་བ་ཡིན།
གསར་འགོད་པ། ཁྱེད་རང་གིས་གླུ་གཞས་སྒྱུ་རྩལ་གྱི་ལམ་ཁ་འདི་གདམ་ག་བྱེད་དོན་ཅི་ཡིན། དེ་མིན་འདི་ལ་དོན་སྙིང་ག་འདྲ་ཡོད་ལགས།
ཧོར་གཙང་ལྷ་ལུང་འཚོ། གླུ་ལེན་པ་ནི་མི་ཞིག་གི་ལུས་སེམས་གཉིས་ཀ་གསོ་བཅོས་བྱེད་པའི་བརྒྱུད་རིམ་ཞིག་ཡིན། མི་ཞིག་གིས་ཐོག་མར་གླུ་གཞས་སམ་རོལ་དབྱངས་ཐོས་དུས། དེ་ནི་སྤྲོ་སྣང་དང་དྲོ་སྐྱིད། སྐྱོ་གདུང་དང་དགའ་སྤྲོ། རོལ་དབྱངས་དང་སེམས་ཚོར་གྱི་གདོང་གཏུག །གཞས་ཐེབས་དང་སེམས་ཁམས་ཀྱི་མུ་འབྲེལ་ཞིག་ཡིན། དེ་ནི་རོལ་དབྱངས་ཀྱིས་ང་ཚོ་ལ་སྤྲད་པའི་མྱོང་ཚོར་རེད། དེས་ཁ་རོག་གེར་ང་ཚོའི་རྣམ་ཤེས་ལ་བྱིལ་བྱིལ་བྱེད། རོལ་དབྱངས་ཀྱིས་བཀག་སྡོམ་གྱི་སེམས་ཚོར་གྱི་སྒོ་མོ་འབྱེད་ཐུབ། པོ་ལ་ཐུའུ་ཡིས་རོལ་དབྱངས་ནི་བློ་གྲོས་དང་མཚན་ཉིད་རིག་པ་སོགས་ཡོད་ཚད་ལས་ཀྱང་མཐོ་བའི་བློ་སྒོ་འབྱེད་བྱེད་ཅིག་རེད། རོལ་དབྱངས་ཀྱིས་རྟག་ཏུ་འཆི་བ་དང་བར་ཐག་རིང་དུ་གྱེས་ཐུབ་ཅེས་ཟེར་བ་དང་། ཧའེ་ཀེ་ཨེར་གྱིས་རོལ་མོ་བས་ངེས་པར་དུ་རྒྱུན་མི་ཆད་པར་རང་སྐྱོན་རང་བརྟག་དང་བསམ་གཞིག་བྱས་ཏེ། ནང་སེམས་ཀྱི་དངོས་ཡོད་ལྟ་བ་གསོ་སྐྱོང་བྱས་ནས། དེ་ཕྱི་རོལ་འཇིག་རྟེན་ལ་བསྒྱུར་བར་རམ་འདེགས་བྱ་དགོས་ཞེས་པ་བཤད། རང་ཉིད་ལ་ཕུགས་ཀྱི་འདུན་པའམ་ལས་འདི་ལ་ཞུགས་པའི་ཀུན་སློང་རྣམ་དག་དེ་འདྲ་ཞིག་བཟུང་ཡོད།
གསར་འགོད་པ། ཁྱེད་ཀྱིས་ཚད་ལྡན་གྱི་གཞས་པ་གཞས་མ་ནི་ཇི་འདྲ་ཞིག་ཡིན་པར་འདོད་དམ།
ཧོར་གཙང་ལྷ་ལུང་འཚོ། ཚད་ལྡན་གྱི་གཞས་པ་གཞས་མ་ཞིག་ལ་ཚད་གཞི་ངེས་ཅན་ཞིག་དགོས་ཏེ། ཐོག་མར་མི་སྒེར་གྱི་འཇོན་ཐང་དང་ནུས་རྩལ་ཡིན། གཞས་པ་གཞས་མ་
ཕུལ་བྱུང་ཞིག་གི་མཚན་རྟགས་ཐོབ་དགོས་ཚེ། རང་ཉིད་དགའ་ཕྱོགས་ཀྱི་ཁྱབ་ཁོངས་སུ་ངེས་པར་དུ་ནུས་རྩལ་འཛོམས་པོ་དགོས་ལ། གཞས་པ་གཞས་མ་ཞིག་ལ་མཚོན་ན་ཁྱད་དུ་འཕགས་པའི་རོལ་དབྱངས་ཀྱི་འཇོན་ཐང་དང་། མི་སྒེར་གྱི་རྣམ་དཔྱོད་དང་ནུས་རྩལ་སོགས་འཛོམས་པ་ནི་རྨང་གཞིའི་ཆ་རྐྱེན་ཡིན། དེ་མིན་མི་སྒེར་གྱི་བློ་སྦྱོང་དང་ཀུན་སྤྱོད་ཀྱང་ཧ་ཅང་གལ་ཆེ་བར་འདོད།
གསར་འགོད་པ། 《གསེར་གྱི་མེ་ཏོག》ཅེས་པའི་གླུ་གཞས་ཆེད་བསྒྲིགས་ཐོག་མར་འགྲེམ་སྤེལ་སྐབས་ཀྱི་འཆར་སྣང་དེ་ག་འདྲ་ཞིག་ཡིན་ནམ།
ཧོར་གཙང་ལྷ་ལུང་འཚོ། གཙོ་བོ་ནི་ང་རང《གསེར་གྱི་མེ་ཏོག》ཅེས་པའི་གཞས་ཚིག་དང་གཞས་དབྱངས་ལ་དགའ་པོ་ཡོད་པས་མི་སྒེར་གྱི་གླུ་གཞས་ཆེད་བསྒྲིགས་ཤིག་བཟོ་རྒྱུའི་ཀུན་སློང་སྐྱེས་མོད། རང་ལ་མཚོན་ན་ཆེད་ལས་མིན་པའི་རྐྱེན་གྱིས་དཀའ་ཁག་མི་ཉུང་བ་ཞིག་ལ་ཡང་འཕྲད་མྱོང་། ཡིན་ནའང་། ཐོག་མའི་ཆོད་སེམས་ལྷོད་གཡེང་མ་བཏང་བར་རྒྱུན་འཁྱོངས་པ་ཡིན་ལ། ལྷག་པར་དུ་དགེ་རྒན་མང་པོའི་མཛུབ་སྟོན་འོག་རེ་བ་མངོན་འགྱུར་བྱུང་ཞིང་སྤྲོ་སྣང་རབ་ཏུ་འཕེལ་བས་གླུ་གཞས་སྒྱུ་རྩལ་གྱི་ལམ་བུར་མུ་མཐུད་དེ་སྙེགས་པ་ཡིན།
གསར་འགོད་པ། མ་འོངས་པའི་གླུ་གཞས་སྒྱུ་རྩལ་གྱི་ཁ་ཕྱོགས་ཐད་ལ་བསམ་ཚུལ་ཅི་ཞིག་ཡོད།
ཧོར་གཙང་ལྷ་ལུང་འཚོ། རོལ་དབྱངས་ཀྱིས་མིའི་ལུས་སེམས་ལ་བདེ་སྣང་སྦྱིན་ཐུབ་ལ། གླུ་གཞས་ཀྱིས་རང་ཉིད་ཀྱི་བརྩེ་བ་དེ་ཕྱི་རུ་མངོན་ཐུབ། དེ་བས་ངའི་བསམ་པར་གླུ་བླངས་ན་ལུས་སེམས་བདེ་ཐང་ལའང་ཕན་པར་འདོད། མ་འོངས་པར་མུ་མཐུད་དེ་རང་གི་དགའ་ཕྱོགས་དོན་དུ་གཉེར་ནས་གླུ་གཞས་སྒྱུ་རྩལ་གྱི་མངོན་མེད་ཉིང་བཅུད་སྔོག་འདོན་དང་། དམངས་ཁྲོད་དབྱངས་རྟ་འཚོལ་སྡུད་བྱས་ཏེ་བོད་གཞས་གཙང་མ་རེ་ལེན་པར་འབད་བརྩོན་བྱ་རྒྱུ་ཡིན།།
༼ རྣམ་དཀར་ལྷ་མོས་བྲིས་ཤིང་པར་མཁོ་འདོན་བྱས།༽