国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཞིང་གི་བསྟན་བཅོས་སོ་ནམ་རྒན་པའི་ལག་རྗེས་ཞེས་པ་ལས་ཁ་བ་ཅན་ལ་ཉེ་བར་མཁོ་བའི་རིན་ཆེན་འབྲུ་ཡི་ཤེས་བྱ།

ཧོར་ཁོག་ཟླ་བཟང་གིས་བྲིས།

ཡུལ་འདིར་ཞིང་ལས་སོ་ནམ་ལས་ཐོན་པའི་ལོ་ཏོག་གི་རིགས་ལ་གྲོ་ནས་སྲན་གསུམ་ཐོག་གཞན་ད་དུང་ཞོག་ཁོག་དང་། ལ་ཕུག། ཡུང་མ་སོགས་ཡོད། དེ་ལས་གཙོ་བོ་ཆེ་བ་ནི་གྲོ་ནས་སྲན་གསུམ་ཡིན།

དེ་ཡང་སྟོད་རྒྱ་གར་ཡུལ་ནས་ཆོས་དར། སྨད་རྒྱ་ནག་ཡུལ་ནས་ཚོང་དར། སྐུ་རྒྱལ་བོད་ལ་ནས་དར་ཞེས་པ་བཞིན་ནས་ནི་ཡུལ་འདི་ལའང་ཟས་ཀྱི་གཙོ་བོའི་ནང་གི་གཙོ་བོར་གྱུར་ཡོད། སྤྱིར་བཏང་མཁས་པ་རྣམས་ཀྱིས་གནའ་ཤུལ་ཞིབ་འཇུག་ལས་བོད་ཡུལ་དུ་འབྲུ་རིགས་ནས་བྱུང་སྟེ་ལོ་ངོ་སྟོང་ཕྲག་དྲུག་ཏུ་ཕྱིན་པ་ངོ་འཕྲད་ཟིན་པར་བརྗོད་ཅིང་། ལོ་ངོ་བཞི་སྟོང་ནས་ལྔ་སྟོང་བར་གྱི་ལོ་རྒྱུས་ལྡན་པའི་བོད་ཡུལ་གྱི་གནའ་རྫས་མཁར་ཤུལ་ལས་ནས་འབྲུ་དངོས་སུ་རྙེད་ཡོད་ལ། རྒྱའི་དེབ་ཐེར་དག་ཏུའང་ལོ་ངོ་སུམ་སྟོང་སྔོན་ནས་གངས་ཅན་པས་མཐོ་སྒང་ཡུལ་དུ་ནས་རྨོད་འདེབས་བྱེད་བཞིན་ཡོད་པའི་ལོ་རྒྱུས་མཐོང་ཐུབ་སྐད། དོན་ལའང་ནས་ནི་ཐོག་མ་ཉིད་ནས་གངས་ཅན་མཐོ་སྒང་དུ་འཚོ་བ་བྱེད་པའི་སེམས་ཅན་ལས་དུད་འགྲོ་ནས་མིར་འཕེལ་བའི་རིགས་ཀྱིས་ཡུལ་དེ་གར་རང་བྱུང་དུ་སྐྱེས་པའི་ནས་རྒོད་ཀྱི་རིགས་རྨོད་འདེབས་བྱས་ནས་ཟས་སུ་རུང་བའི་འབྲུ་རིགས་སུ་བསྒྱུར་བ་ཞིག་སྟེ། དེ་ནི་གྲང་ངར་དང་། ལྷགས་པ། ཐན་པ་སོགས་ལ་མི་སྐྲག་ཅིང་སྐྱེ་ཡུན་དུས་ཚོད་ཐུང་བ། འབྲས་བུ་སྨིན་བདེ་ཞིང་གཡུར་ཟ་བ། སྐྱེ་ས་རྒྱ་ཆེ་ཞིང་སྐྱེ་སླ་བ། བྱེ་བྲག་གི་རིགས་མང་བ་སོགས་ཀྱི་ཁྱད་ཆོས་ལྡན་པར་མ་ཟད། རྨོ་འདེབས་བྱེད་ཆོག་པའི་འབྲུ་རིགས་ཀུན་ལས་མཚོ་ངོས་ནས་སྨི་བཞི་སྟོང་ལྔ་བརྒྱ་ཡན་དུ་འཕགས་པའི་ཡུལ་གྲང་ངར་ཆེ་བ་རྣམས་སུའང་འབྲས་བུ་སྨིན་ཐུབ་པ་གཅིག་པུ་སྟེ། སྤྱིར་བཏང་རྨོད་འདེབས་བྱེད་ཆོག་པའི་སའི་མཐོ་དམའ་ནི་མཚོ་དཔངས་སྨི་དྲུག་བརྒྱ་ནས་བཞི་སྟོང་ལྔ་བརྒྱ་ཡི་བར་ཡིན། ད་ལྟ་ནས་སྨིན་པའི་ས་མཐོ་ཤོས་ལ་མཚོ་དཔངས་སྨི་བཞི་སྟོང་བདུན་བརྒྱ་ལྔ་བཅུར་སླེབས་ཡོད། སྤྱིའི་ཆ་ནས་ནས་ཀྱི་སྐྱེ་ཡུན་ནི་ཉི་མ་བརྒྱ་ནས་བརྒྱ་དང་སུམ་ཅུའི་བར་དུ་བརྗོད་ཀྱང་རང་ཡུལ་གྱི་ས་ཆ་ཁ་ཤས་ན་ཉི་མ་བརྒྱད་ཅུ་ལས་མི་དགོས་པ་འབྲས་བུ་སྨིན་ཐུབ་པའང་ཡོད། ཚན་རིག་པས་ནས་ཀྱི་ནང་དུ་སྤྲི་དཀར་གྱི་རིགས་བཅུད་དང་། ཚི་སྣ། འཚོ་བཅུད་སྣ་ཚོགས་པ་རྣམས་ཚད་མཐོན་པོར་འདུས་ཡོད་ཅིང་། ཞག་རྩི་དང་མངར་རྫས་ཀྱི་རིགས་འདུས་ཚད་དམའ་བ་སོགས་ཁྱད་དུ་འཕགས་པའི་དགེ་མཚན་མང་པོ་ལྡན་ཡོད་པ་བརྗོད་དེ། དཔེར་ན། ནས་ཀྱི་ནང་ན་སྤྲི་དཀར་གྱི་རིགས་བཅུད་འདུས་ཚད་མ་མཐའ་ལ་བརྒྱ་ཆ་དྲུག་དང་ཚེག་སུམ་ལྔ་ཡོད་ལ། མཐོན་པོར་བརྒྱ་ཆ་ཉེར་གཅིག་ཡོད་ཅིང་དེ་ནི་གྲོ་དང་། འབྲས། མ་རྨོས་ལོ་ཏོག་སོགས་ལས་མཐོ་བ་དང་། ཞག་རྩི་འདུས་ཚད་བརྒྱ་ཆ་གཅིག་ནས་གསུམ་ཙམ་ལས་མེད་པས་ཞག་རྩི་དམའ་བའི་རིགས་ཀྱི་འབྲུ་རིགས་བྲ་བོ་དང་མ་རྨོས་ལོ་ཏོག་སོགས་ལས་ཀྱང་དམའ་བ་ལྟ་བུ་དང་། ད་དུང་འཚོ་བཅུད་རིགས་ཁ་པ་དང་འཚོ་བཅུད་རིགས་ག་པ། ཀལ། ལིན། ལྕགས། ཟངས། ཏི་ཚ། མཱན། སེ་སོགས་མི་ཡི་ལུས་ཁམས་ལ་མེད་དུ་མི་རུང་བའི་རྫས་ཆ་འདུས་ཚད་མཐོན་པོར་ཡོད་པ་དང་། གཞན་ཡང་མིའི་ཟུངས་གསོ་བ་དང་ལུས་ཁམས་ལ་ཕན་པ་དང་། རོ་ཙ་གསོ་བ། དུག་སེལ་བ། ལུད་པ་དང་མི་བདེ་བ། ཚིལ་ནད། སྐྲན་ནད་ཀྱི་རིགས་དང་གཅིན་མངར་ནད་སོགས་ནད་རིགས་འགོག་པར་ཕན་པ་ཆེ་བའི་རྫས་འགྱུར་གྱི་རིགས་རྫས་མང་པོ་འདུས་ཡོད་པར་མ་ཟད། ས་ཇི་ལྟར་མཐོན་པོར་སྐྱེས་པའི་ནས་ལ་དགེ་མཚན་དེ་དག་ལྷག་པར་མང་བར་ཤེས་ཡོད་པ་ལྟ་བུ། ཁྱད་པར་དུ་གངས་ཅན་མཐོ་སྒང་གི་ནས་ནི་འཛམ་བུ་གླིང་གི་གྲོ་ནས་རིགས་ཀྱི་འབྲུ་རིགས་ཡོངས་སུ་རྫོགས་པ་ལས་ཁྲག་གི་མངར་ཆ་འབེབས་པ་དང་རྒ་བ་འགོག་པ་ཁྲག་རྩ་མཉེན་པོར་སྒྱུར་བ་སོགས་ཀྱི་ནུས་པ་ཧ་ཅང་ཆེ་ཞིང་མིའི་ལུས་ཁམས་ལ་རབ་ཏུ་དགོས་གལ་ཆེ་ལ་ཕན་ཏེ་པོར་ཐོགས་པའི་རྫས་ཆ་β-རྒུན་འདུས་ཧྭགས་དང་ϒ-ཨིན་རྨང་སྐྱུར་གཉིས་ཀྱི་འདུས་ཚད་ཆེས་མཐོ་བར་གྱུར་ཡོད་ལ་དེས་འདས་པའི་ལོ་རྒྱུས་རིང་པོར་བོད་པ་རྣམས་སྔོ་ཚལ་དང་ཤིང་ཏོག་རིགས་ཀྱི་ཟས་ཤིན་ཏུ་དཀོན་པའི་མཐོ་སྒང་ཡུལ་དུ་མི་རབས་ནས་མི་རབས་སུ་ལུས་ཕུང་སྟོབས་ལྡན་དང་བདེ་ཐང་ངང་འཚོ་གནས་བྱུང་ཐུབ་པར་བརྗོད། དེ་བས་མི་ལུས་གསོ་བྱེད་ཀྱི་རྫས་ཆའི་རྣམ་གྲངས་དང་མང་ཉུང་གི་ཆ་ནས་གངས་ཅན་མཐོ་སྒང་གི་ནས་ནི་འབྲུ་རིགས་འདྲ་མིན་སྣ་ཚོགས་པའི་ཚབ་ཏུ་བརྒྱ་གོ་གཅིག་གིས་ཆོད་པའི་ཟས་ཀྱི་རྒྱལ་པོ་ལྟ་བུར་གྱུར་པ་ཞིག་ཀྱང་ཡིན། བོད་རང་སྐྱོང་ལྗོངས་ཞིང་ཕྱུགས་ཚན་རིག་གླིང་གིས་ཀྱང་། ནས་འབྲུ་ནི་འཛམ་གླིང་གི་འབྲུ་རིགས་ཐམས་ཅད་ལས་ཀྱང་ཁྱད་དུ་འཕགས་པ་ཞིག་ཡིན་ལ། དེས་རྒྱུ་མའི་ལུང་འབྲས་ཀྱི་ནད་སེལ་བའམ་སྔོན་འགོག་གི་ནུས་པ་ཐོན་ཐུབ་པ་དང་། ཁྲག་ཤེད་མཐོ་བ་དང་མཁྲིས་རྒྱུའི་གཤེར་རྩི་མཐོ་བ་མར་ཆག་པར་བྱེད་པའི་ནུས་པ་ལྡན་པས་ཁྲག་གི་མངར་ཆ་དང་། རྙིང་རྩའི་ནད་དང་གཅིན་པ་མངར་འགྱུར་སོགས་ལ་ཕན་ཞིང་། ལྟོ་བའི་རྒྱུ་ངོས་དག་བྱེད་དང་ཟ་མ་འཇུ་བའི་བྱེད་པོ་དངོས་ཡིན་པར་བདེན་དཔང་བྱས་ཡོད་ཅེས་ངོ་སྤྲོད་བྱས་ཡོད། སྤྱི་ལོ་༢༠༢༣ལོར་ཧྥ་རན་སེའི་འཛམ་བུ་གླིང་གི་བཟའ་བཅའི་འགྲན་བསྡུར་དུ་ནས་བག་ལེབ་ལ་ཨང་དང་པོའི་བྱ་དགའ་ཐོབ་ཡོད། དེ་བཞིན་རང་རིགས་ཀྱི་གསོ་རིག་གི་གཞུང་དག་ནའང་ནས་ནི་ལོ་རེ་བཞིན་བཏབ་ནས་སྐྱེ་བའི་གྲ་མ་ཅན་གྱི་ལོ་ཏོག་གི་གྲས་ཤིག་ཡིན་པ་དང་། རྩ་བའི་མདོག་ས་མདོག་ལ་ཨ་ར་འདྲ་བའི་རྩ་ཕྲན་ཐར་ཐོར་ཡོད་པ། སྡོང་པོ་ཕྲ་ལ་མདོག་སྔོ་བ་སྡོང་པོར་ཚིགས་ལྡན་པ། ཁོང་པ་སྟོང་བ། ཡལ་ག་མེད་པ་འདྲོང་པོར་སྐྱེ་བ། ལོ་མའི་མདོག་སྔོ་ལྗང་ཅུང་ཟད་རྩུབ་ཅིང་ལག་པར་འབྱར་བའི་རྣམ་པ་ལྡན་པ། དབྱིབས་མདུང་རྩེ་འདྲ་བ་རེས་མོས་སྐྱེ་བའི་སྨད་ཆས་སྡོང་པོ་བཏུམས་པ། སྙེ་མའི་ལོགས་ཀྱི་སྐྱི་ལྤགས་སྟེང་གྲ་མ་རེ་རེ་སྐྱེ་བ། སྐྱི་ལྤགས་ཀྱིས་བཏུམས་པའི་ནང་འབྲུ་ཁ་དོག་གི་དབྱེ་བས་ནས་དཀར་དང་། ནས་སྔོན། ནས་ནག་དེ་བཞིན་ནས་ཀྱི་དཀྱུས་གཞན་ལས་རིང་བར་ནས་དཀྱུས། གཞན་ཡང་སྨྱིག་ནས་དང་ཆེ་བའམ་རྒོད་པར་ནས་རྒོད་ཞེས་འབོད་པ་ཙམ་ལས་དེ་མིན་གྱི་ཁྱད་པར་དེ་ཙམ་མེད་ཅེས་དང་། ནུས་པ་ལ་ནས་དཀར་གྱིས་ཤ་སྟོབས་བསྐྱེད་པ་དང་། ནས་སྔོན་བསྲེགས་པས་གློ་བར་ཕན་པ། ནས་ནག་རྨ་ཤུར་ཕན་པ། སྨྱིག་ནས་ཀྱིས་མེ་དྲོད་བསྐྱེད་པ། དཀྱུས་མས་ཤ་སྟོབས་བསྐྱེད་པ། ནས་རྒོད་ཀྱིས་ནུས་པ་གོང་དང་མཚུངས་ཞེས་དང་། རོ་མངར་རང་བཞིན་བསིལ་ཞེས་སོགས་ནས་ཀྱི་རྣམ་པ་དང་བྱེད་ནུས་གསལ་བར་བཀོད་ཡོད། དེ་བས་ནས་ནི་རིགས་ཤིན་ཏུ་དམིགས་བསལ་བའི་འབྲུ་རིགས་ཤིག་སྟེ། མིས་བཟོས་ན་ལྟོ་འགྲངས་ཤིང་དྲོད་གསོ་ལ་ཟས་བཅུད་འབྲས་དང་། གྲོ། མ་རྨོས་ལོ་ཏོག་རྣམས་ལས་ཆེ་བ་དང་། ཕྱུགས་ལ་སྟེར་ན་བཅུད་ཆེ་བས་ཟོག་སོས་པ་དང་ཤ་སྤུས་བཟང་བར་མ་རྨོས་ལོ་ཏོག་མ་གཏོགས་པའི་གཟན་ཆས་གཞན་ཀུན་ལས་མཆོག་པ། བཏུང་བའི་རིགས་བསྙལ་ཆོག་པ། སྨན་རྫས་སུ་གཏོང་ཆོག་པ་སོགས་བེད་སྤྱོད་ཤིན་ཏུ་མང་། ཆང་བསྙལ་བ་ལ་ནས་གསར་པ་ལས་ཀྱང་རྙིང་པ་ཤིན་ཏུ་བཟང་བར་བརྗོད། དེང་སང་བལྟས་ན་ནས་དང་རིགས་གཅིག་པའི་འབྲུ་ཡི་རིགས་ལ་བོད་ཡུལ་དུ་རིགས་མི་འདྲ་བ་དྲུག་བརྒྱ་ལྷག་ཡོད་ཅིང་མང་ཤོས་ནི་མཚོ་དཔངས་སུམ་སྟོང་ལྔ་བརྒྱ་ནས་བཞི་སྟོང་བར་ན་ཡོད་པར་བརྗོད། དེར་གདོང་གཉིས་ཅན་དང་། བཞི་ཅན། དྲུག་ཅན་སོགས་དང་། ཁ་དོག་གི་ཆ་ནས་དཀར་ལུ་དང་ནག་ལུ་ཞེས་དཀར་པོ་དང་སྨུག་པོ་སོགས། གྲ་མའི་ཆ་ནས་གྲ་རིང་། གྲ་ཐུང་། གྲ་ཕྲ། གྲ་མེད། སོ་གྲ་ཅན་ལྟ་བུ་སོགས། འདེབས་པའི་དུས་ཚིགས་ཀྱི་ཆ་ནས་དཔྱིད་ནས་དང་དགུན་ནས། སྨིན་ཡུན་རིང་ཐུང་གི་ཆ་ནས་ཉི་མ་བརྒྱ་དང་ལྔའི་ནང་དུ་སྨིན་པའི་སྨིན་སྔ་བའི་རིགས། བརྒྱ་དང་ལྔ་ནས་བརྒྱ་དང་ཉི་ཤུའི་བར་དུ་སྨིན་པའི་སྨིན་ཡུན་འབྲིང་། བརྒྱ་དང་ཉི་ཤུ་ཡན་དགོས་པའི་སྨིན་ཡུན་རིང་བའི་ནས་སོགས། སོག་ཡུ་རིང་ཐུང་གི་ཆ་ནས་ཡུ་རིང་། ཡུ་འབྲིང་། ཡུ་ཐུང་སོགས། འབྲུ་རྡོག་ཆེ་ཆུང་གི་ཆ་ནས་འབྲུ་རྡོག་སྟོང་གི་ལྗིད་ཚད་ཆེ་འབྲིང་ཆུང་གསུམ་སོགས་དབྱེ་བ་སྣ་ཚོགས་ཡོད་ཅིང་། འབྲུ་རྡོག་སྟོང་གཅིག་གི་ལྗིད་ཚད་ཅེས་པ་ནི། འབྲུ་རྡོག་སྟོང་ཕྲག་གཅིག་གི་ལྗིད་ཚད་དེ། འབྲུ་རྡོག་སྐམ་པོའི་རྡོག་པོ་ཆེ་ཆུང་དང་འབྲུ་ཤ་རྒྱགས་ཆེ་ཆུང་གི་ཚད་གཞི་འཇལ་སྟངས་ཤིག། རྒྱུན་དུ་ཁེ་ཡིས་འཇལ་བྱེད་བྱེད་པ་ཡིན། རྒྱལ་ནང་དུ་ཆ་སྙོམས་སུ་འབྲུ་རྡོག་སྟོང་ཕྲག་གཅིག་གི་ལྗིད་ཚད་ཁེ་སོ་བཞི་ལྷག་དང་། རྒྱལ་སྤྱིའི་ལྗིད་ཚད་ལ་ཁེ་བཞི་བཅུ་ཚེག་བརྒྱད། མཚོ་བོད་མཐོ་སྒང་ལ་ལྗིད་ཚད་ཁེ་སོ་དགུ་དང་ཕྱེད་དུ་ཟིན་བཞིན་ཡོད་པར་བརྗོད། དེ་ནི་ས་འཕགས་མཐོ་བ་དང་ཉིན་མཚན་གྱི་དྲོད་གྲང་ཧེ་བག་ཆེ་ས་དག་ན་གཞན་ལས་མཐོན་པོ་ཡོད་པ་སྟེ། ལོ་ཏོག་ལ་སྐྱེ་ཡུན་རིང་བ་དང་། སྙེ་མ་གསར་པ་སྨིན་ཡུན་རིང་བ། སྙེ་མའི་སྤྲི་ཤ་ཆག་ཡུན་རིང་བ་སོགས་ཀྱིས་སྙེ་མ་ཆེན་པོ་དང་འབྲུ་རྡོག་ཆེན་པོར་འཆག་ཐུབ་པའི་དབང་གིས་ཡིན། ད་སྔར་ཁམས་ཕྱོགས་སུ་རྒྱ་ཆེར་སྤྱོད་པའི་རིགས་ལ་མི་འདྲ་བ་བཞི་འདེབས་བཞིན་ཡོད་ཅིང་། དཀར་མཛེས་ཡུལ་དུའང་ནས་ཀྱི་ཡོང་ཁུངས་ཀྱི་ཆ་ནས་རྟའུ་ནས་སྨུག་ཤུན་ཅན། རྨིན་རྫོང་གི་ནས། ཕོན་པོའི་ནས་དཀར་སོགས་དང་། མིས་རྒྱུད་སྦྱོར་བྱེད་པའི་ཆ་ནས་ནས༡༢༡༡པ། ནས་༧༩-༡༧༧-༢་པ། ཁམས་ནས་ཨང་རྟགས་གསུམ་པ་སོགས། གྲའི་ཆ་ནས་གྲ་རིང་ཨ་ཕ་རྒྱ་བོ་དང་གྲ་ཐུང་རྒྱ་ནས་རྐུབ་ལོག་ཅེས་པ་ལྟ་བུ་སོགས་རིགས་མི་འདྲ་མང་པོ་རྨོད་འདེབས་བྱེད་མྱོང་ཞིང་། ལ་ལ་ནི་ད་ལྟའང་སྤྱོད་བཞིན་ཡོད་ལ་ཁ་ཤས་ནི་ས་ཆུ་མི་འཕྲད་པས་སྐྱེས་སྟོབས་ཞན་ཞིང་འབྲས་བུ་ཆུང་སྟབས་མུ་མཐུད་ནས་ལོངས་སུ་སྤྱོད་མེད། སྤྱིའི་ཆ་ནས་དཀར་མཛེས་ཀྱི་ས་མཐོ་དམའ་ཀུན་ན་ནས་སྐྱེ་ཞིང་། ཡུལ་འདི་ལ་སྐྱེས་པའི་འབྲུ་རིགས་གཞན་པ་རྣམས་དང་བསྡུར་ན་ནས་ནི་ལུད་བཀྲམ་དགོས་པ་དང་། ས་ཞིང་ཡང་ནས་ཡང་དུ་རྨོ་དགོས་པ། ལོ་ཐོག་

ལ་ཡུར་མ་བརྒྱག་དགོས་པ་སོགས་སོ་ནམ་གྱི་མཐུན་རྐྱེན་འཛོམ་དགོས་ཚད་མཐོ་ཤོས་དང་མང་ཤོས་དེ་ཡིན། ཞིང་པ་རྒན་པ་ཚོས་སྔོན་ཆད་མི་ལག་གིས་རྔ་རྡུང་བྱེད་པའི་སྐབས་རྒྱུན་ལྡན་དུ་ས་བོན་སྒྲོ་བ་གང་གི་འབྲས་བུ་ལ་སྟོན་རྒྱབ་མཐའ་མར་སྣོད་དུ་བསྡུས་པའི་ནས་སྐམ་པོ་སྒྲོ་བ་བཅུ་ལྷག་ཙམ་རེ་ཡོང་བ་བཤད་པར་བལྟས་ན་ཕལ་ཆེར་ཞིང་མུའུ་གང་རེ་ལས་རྒྱ་མ་སུམ་བརྒྱ་ལྔ་བཅུའི་ཡན་མན་ཐོན་བཞིན་ཡོད་པ་དཔགས་ཐུབ། ༢༠༢༤ལོའི་སྟོན་དུས་ཞིང་ནང་དུ་འཕྲུལ་ཆས་རྔ་རྡུང་བྱེད་བཞིན་པའི་མདུན་དུ་གཟིགས་ཞིབ་སླེབས་པའི་འབྲེལ་ཡོད་དཔོན་ཞིག་གིས་ཞིང་བདག་ལ་ནས་འབྲུ་བོངས་མང་ཉུང་བཅར་འདྲི་བྱེད་པ་དང་འབྲེལ་ནས་ཚོད་དཔགས་ཀྱིས་ད་ལོར་ཞིང་མུའུ་གང་རེར་ཕལ་ཆེར་ནས་རྒྱ་མ་བཞི་བརྒྱ་རེ་ཡོང་ཐུབ་ཡོད་ཅིང་ན་ལོ་ལས་རྒྱ་མ་ལྔ་བཅུ་འཕར་བས་ལོ་ལེགས་བྱུང་བའི་ལོ་ཞིག་གོ་ཞེས་བརྗོད་པ་བརྙན་འཕྲུལ་དུ་བསྒྲགས་པ་མཐོང་། སྤྱིར་བཏང་ནས་སྐོམ་རློན་གཉིས་ཀྱི་བོངས་དང་ལྗིད་ཚད་གཉིས་ཀ་ལ་ཧེ་བག་ཆེན་པོ་འབྱུང་བ་ཡིན་ནོ། །

སྲན་མ་ནི་ཐོག་མར་ས་དབུས་རྒྱ་མཚོ་སོགས་གླིང་གཞན་པའི་ས་ཆ་ནས་བྱུང་བར་གྲགས། མིའི་རིགས་ཀྱིས་རྙེད་པའི་འཛམ་གླིང་ཐོག་གི་ཞིང་ལས་གྲོང་ཚོ་སྔ་ཤོས་ཏེ། ཧ་ལམ་སྤྱི་ལོ་སྔོན་གྱི་ལོ་བརྒྱད་སྟོང་ལྔ་བརྒྱའི་དུས་ཀྱི་རྗེས་ཤུལ་ལས་མིས་སོ་ནམ་ལས་བྱུང་བའི་གྲོ་དང་སྲན་མ་མཐོང་ཐུབ་ཀྱིན་ཡོད། སྲན་མ་ནི་སྤྱིར་བཏང་ནས་ལྟ་བུ་གྲང་ངར་དང་ལྷགས་པ་བཟོད་མི་ཐུབ་ཅིང་། རླན་ཤས་ཆེ་ཞིང་དྲོད་གྲང་འཇམ་པའི་གནམ་གཤིས་ལ་དགའ་ལ། ཐན་པ་དང་ཚད་པ་ལ་འཇིགས་པ་ཡིན་མོད། སའི་རྒྱུས་སྤུས་ལ་དམིགས་བསལ་གྱི་ཆ་རྐྱེན་མཐོན་པོ་མི་དགོས་པར་ས་གདིང་མཐུག་ཅིང་ཚྭ་དང་བུལ་གྱི་ལྷད་མང་པོ་མ་ཞུགས་ལ་ལུད་ཤས་ཆེ་ཆུང་རན་པའི་ཞིང་ས་ཀུན་ན་སྐྱེ་ཐུབ་པ་དང་། བརླན་གཤེར་ཡུན་རིང་གནས་ཐུབ་ཅིང་མཁའ་རླུང་གཡོ་རྒྱུགས་ཐུབ་ལ་རྩྭ་ལྡུམ་རུལ་ཐུབ་པའི་ས་ན་སྐྱེ་སྟོབས་ཆེ་བའི་འབྲུ་རིགས་ཤིག་ཡིན། ཡུ་བའི་རིང་ཚད་སྨི་ཕྱེད་ཀ་ནས་གཉིས་ཀྱི་བར་ཡོད་པ་དང་། འབྲས་བུ་དབྱིབས་ཟླུམ་ཞིང་ཁ་དོག་སྔོན་པོ་སྨིན་ནས་བསྐམས་ན་དཀར་སེར་ཅན་དང་ནག་སྐྱར་ཅན་དུ་འགྱུར་བ། སྤྱི་ཟླ་དྲུག་པ་དང་བདུན་པར་མེ་ཏོག་བཞད་ཅིང་བདུན་པ་ནས་དགུ་པའི་བར་ལ་འབྲས་བུ་སྨིན་པ། རང་རྒྱལ་གྱི་སི་ཁྲོན་དང་ཧོ་ལན་སོགས་ཞིང་ཆེན་དུ་མ་ནའང་སྐྱེས་པ་ཞིག་ཡིན། དཀར་མཛེས་རྫོང་ཁོངས་སུ་ཏྲེ་ཆུའི་རྒྱུད་དང་སྟོང་སྐོར་ཟླ་ཆུའི་རྒྱུད་ཀྱི་ས་དམའ་བའི་ཡུལ་རྣམས་སུ་སྐྱེ་ཞིང་ཆུ་རྒྱུད་དང་ཅུང་ཁ་ཐག་རིང་བའི་ས་མཐོན་པོ་རྣམས་སུ་སྐྱེ་མི་ཐུབ་པའམ་སྐྱེས་ཀྱང་འབྲས་བུ་སྨིན་མི་ཐུབ། དཀར་མཛེས་ཡུལ་སྟོད་སྨད་དུ་རིགས་ལ་སྲན་དཀར་དང་སྲན་ནག་གཉིས་ལས་གཞན་བྱེའུ་ཕྲུག་སྲན་མ་ཞེས་པ་ཞིག་ཀྱང་ཡོད་མོད། དེ་ནི་ཟོག་གསོ་བྱེད་ལས་མིས་ཟ་སྲོལ་མེད། སྲན་དཀར་དང་སྲན་ནག་གཉིས་འབྲས་བུ་མིས་ཟ་རུང་བར་མ་ཟད། ཡལ་ག་དང་ལོ་མ་གསར་པའང་ཚོད་མའི་ཟས་རིགས་མཆོག་ཏུ་གྱུར་པ་ཞིག་ཡིན།འོན་ཀྱང་རང་ཡུལ་དུ་ཞིང་པ་ཚོ་ལས་ལོ་མ་ཟ་མཁན་ཤིན་ཏུ་དཀོན་པར་མ་ཟད་འབྲས་བུ་ཡང་གཙོ་བོ་རྟ་ཟོག་སེམས་ཅན་གསོ་བྱེད་དུ་བཀོལ་བ་ལས་མིས་ནས་ཀྱི་ཕྱེ་ལྟར་མང་པོ་ཟ་བར་མི་བྱེད། ཡིན་ནའང་སྲན་མ་སྐྱེ་ཐུབ་སའི་མི་རྒན་པ་ཚོས་སྲན་མ་ནི་འབྲུ་རིགས་ཀུན་གྱི་མ་ཡིན་ཞིང་སྲན་ལོ་མ་ཡག་ན་འབྲུ་རིགས་གཞན་པ་རྣམས་ཀྱང་ལོ་ལེགས་མི་ཡོང་ཞེས་ཤིན་ཏུ་གཙིགས་ཆེར་འཛིན། དེ་ནི་སྲན་ཤུལ་དུ་ནས་བཏབ་ན་ཡག་པོ་སྐྱེས་པ་དང་འབྲེལ་བ་ཡོད་པ་ཨེ་ཡིན་ནམ་སྙམ།མི་རིགས་གཞན་པའི་ཡིག་ཚང་དུ་སྲན་མས་བཟོས་པའི་ཟས་ལ་མིའི་ལུས་ཁམས་ལ་དགོས་པའི་རྫས་བཅུད་རྣམས་ཅུང་ཆ་ཚང་བར་ཡོད་པར་མ་ཟད། ནད་རིགས་དུ་མ་ཞིག་ལའང་ཕན་པ་བཤད་དོ།། ( མུ་འགོད།)