ཕན་ཚུན་དགའ་དུང་གི་བརྩེ་བ་ཟབ་ཅིང་། །
མི་ཚེ་མཉམ་རོལ་གྱི་འདུན་མ་གླེང་དུས། །
རུ་སྡེ་སོ་སོ་བར་དམེ་གྱོད་བྱུང་དུས། །
མཛའ་བརྩེ་མུ་ཏིག་གི་སྐུད་པ་མ་ཆད། །
འདང་ཆེན་ཁྲེལ་གཞུང་གི་དམ་ཚིག་འོག་ནས། །
བརྩེ་བའི་འགྲིག་མཐུན་ལ་རྫུན་ཚིག་མེད་དུས། །
མ་བསམ་སྡེ་གྱོད་ཀྱི་གོད་ཆགས་བར་ནས། །
ཁྱེད་གཉིས་ཅི་འདོད་དུ་འཚོ་གནས་མ་བྱུང་། །
གཞི་ཆེན་རྩྭ་ཐང་ནས་མིག་ཟུང་འཕེན་དུས། །
སྨན་ཆུང་ཚེ་སྐྱིད་ཀྱི་འཛུམ་ཆུང་མཐོང་དུས། །
ཕོ་གཞོན་ལྷ་རིས་ཀྱི་སེམས་པ་བཀུག་སོང་། །
བརྩེ་བའི་འོད་ཟེར་དེ་སུ་ལ་ཐིམ་སོང་། །
དྭངས་གསལ་ཆུ་མོ་ཡི་མཆོད་ཁ་འཕེན་དུས། །
ལྗང་མདོག་མེ་ཏོག་གི་འདབ་མ་གྲོལ་དུས། །
འདོ་བ་རྟ་ཕོ་ཡི་གོང་ལ་ཞོན་པའི། །
ཕོ་གཞོན་དར་མ་ཡི་གཤིས་ལ་གོམས་སོང་། །
མེ་ཏོག་ལྗང་སེར་གྱི་ས་གཞིའི་འོག་ནས། །
བརྩེ་དྲོད་དབྱར་གཞུང་གི་བདེ་བ་མྱོང་དུས། །
ན་ཆུང་ཁྱེད་གཉིས་ཀྱི་ལས་དབང་གཉོམ་པོ། །
ཐོས་ན་སྙིང་ཁོག་ནས་སེམས་པ་འདར་ཡོང་། །
ཞི་བདེ་ལྷ་བྱ་ཡི་ཕོ་ཉ་དཀར་པོ། །
རུ་སྡེ་དམེ་གྱོད་ཀྱི་དགྲ་ཇུས་བཅད་ནས། །
ན་ཆུང་འདི་གཉིས་ལ་ཕ་ཁྱིམ་གཅིག་པའི། །
བདེ་བའི་འཚོ་གནས་ཤིག་བསྒྲིག་པ་གནང་རོགས། །
ཡར་ཚེས་ཟླ་འོད་ལ་མིག་ཟུང་ཅེར་ཡོད། །
གཡུ་ཡི་མཚོ་འགྲམ་ནས་སྨོན་ལམ་བཏབས་ཡོད། །
ཕོ་གཞོན་ལྷ་རིས་དང་སྨན་ཆུང་ཚེ་སྐྱིད། །
ཞི་བདེའི་ཕ་རོལ་ནས་ལྷན་དུ་འཛོམས་ཡོང་། །
ལས་ཀྱི་མེ་ལོང་གི་འགྲོས་ལ་མ་བལྟས། །
དུང་བའི་དམུ་ཞགས་ཀྱིས་སེམས་པ་གསོས་དང་། །
སྐྱེ་བའི་སྐྱེ་བ་ནས་འབྲལ་དགོས་མི་འདུག །
བདེ་སྐྱིད་འཚོ་གཞིས་ཀྱི་འཇིག་རྟེན་སྐྲུན་དང་། །
མ་བཅོས་བརྩེ་དུང་གི་ལ་གཞས་སྙན་མོ། །
མ་བྲིས་ལེགས་བཀོད་དུ་མགྲིན་ནས་རྡོལ་དུས། །
ན་གཞོན་དར་མ་ཡི་ལས་དབང་འདི་ལ། །
སྐྱོ་གདུང་མིག་ཆུ་ཡི་མཚོ་ཞིག་འཁྱིལ་ཡོད། །
དུང་དཀར་སོ་ཕྲེང་གི་འཛུམ་ཆུང་ཕྲ་མོ། །
གངས་རིའི་ཕ་རོལ་ནས་བུ་ལ་སྟོན་དང་། །
མ་བཅོས་བརྩེ་འཛུམ་གྱི་དགོད་སྒྲའི་ཀློང་ནས། །
ཁྱོད་ཉིད་རང་སྲོག་ལྟར་གཅེས་སྤྲས་བྱེད་ཡོང་། །
༼ ཁམས་ཟླ་སྲས། ༽