国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རྒྱུགས།

ད་ལྟ་ང་རང་དགོང་ཀའི་ཉི་ཟེར་གྱི་མཚམས་སྤྲིན་ལ་ཅེར་ཏེ་འདང་རྒྱག་གིན་བསྡད་ཡོད། ཉི་ཟེར་གྱི་ཕྱིར་མིག་ཁྲོད་དྲན་གདུང་དང་སྐྱོ་ངལ་མཆིས་ཤིང་། གྲང་ངར་དང་རླུང་བུའི་ཁྲོད་རེ་ཆད་དང་ཕངས་སེམས་ཀྱང་མང་དུ་མཆིས། ནུབ་ཁའི་ཉི་ཟེར་གྱིས་རྩྭ་ཐང་ཧྲིལ་པོར་སེར་ལྟེམ་ལྟེམ་བྱས་ཤིང་། ཡིད་སེམས་ཀྱི་གཏིང་ལ་འཁྱག་སིབ་སིབ་བྱས། ངས་འདང་ཇི་ཙམ་བརྒྱབ་ཀྱང་འདང་མི་ཕོག་པ་ནི་རང་གིས་རྒྱུགས་ཅི་འདྲ་ཞིག་སྤྲོད་ཡོད་པ་དང་། སྐར་གྲངས་ག་ཚོད་ལོན་ཡོད་མེད་དེ་རེད། འཆད་རྒྱུགས་དང་རྩོད་རྒྱུགས། བློ་རྒྱུགས་དང་ཡིག་རྒྱུགས་སོགས་གང་གི་སྐབས་ཡིན་ཡང་། ངས་ཅི་འདྲ་བྱས་ནས་རྒྱུགས་སྤྲོད་ཀྱིན་ཡོད་པ་མི་ཤེས་ལ། ཐ་ན་རང་ཉིད་ཀྱི་བསམ་བློ་ཅི་འདྲ་ཞིག་གཏོང་གིན་ཡོད་པའང་མི་ཤེས་པར་འདུག། དེར་བརྟེན། དེ་རིང་གི་རྒྱུགས་ཀྱང་ཅི་འདྲ་ཞིག་སྤྲོད་ཡོད་མེད་དང་། སྐར་གྲངས་ཅི་ཙམ་ལོན་ཡོད་མེད་ངས་ཚོད་དཔག་བྱས་པ་ཙམ་གྱིས་ཐིག་ཐུབ་པ་ཞིག་ག་ལ་ཡིན་ཨང་། སྤྱིར་ངས་རྒྱུགས་མ་སྤྲོད་བསམ་པ་ཞིག་ཡིད་ཀྱི་རྒུ་ལའང་འཆར་རྒྱུ་མི་འདུག་མོད། རྒྱུགས་སྤྲད་དེ་འཕྲོད་ཡོད་བསམ་པ་ཞིག་དེ་བས་ཀྱང་དྲན་རྒྱུ་མི་འདུག། དེའི་ཕྱིར། དེ་རིང་གི་རྒྱུགས་ཀྱང་འཕྲོད་མེད་སྙམ་ནས་ང་རང་ལ་སེམས་ཁྲལ་ཤིན་ཏུ་ལྕི་བ་ཞིག་བྱུང་། དེ་ལྟར་བསམ་བཞིན་ནུབ་ཁའི་མཚམས་སྤྲིན་ལ་ཅེར་ནས་སྡོད་དུས། མཚམས་སྤྲིན་གྱི་ཁ་གཏད་ནས་མི་ཞིག་མངོན་བྱུང་། མི་དེས་ང་ལ་གཟས་ནས་སླེབས་བྱུང་། མི་དེའི་ཆ་ལུགས་ལ་བལྟས་ན་རབ་བྱུང་ཞིག་ཡིན་པ་འདྲ་སྟེ། གཟུགས་རིང་བ་དང་གཟན་རིང་གི་སྣེ་མོ་གཉིས་རླུང་གིས་སྒུལ་ཙམ་སྒུལ་ཙམ་བྱས་པ། མགོ་ཐོག་ཏུ་ཉིན་ཞྭ་དམར་པོ་ཞིག་གོན་འདུག། ཁོང་ངའི་འགྲམ་དུ་མ་བསླེབ་གོང་ལ་ངས་ཁོང་གི་ཞལ་རས་མཐོང་བྱུང་། ཁོང་གི་ཞལ་རས་ལ་འཛུམ་མདངས་ཀྱིས་ཁེངས་འདུག་ཅིང་། ང་མཐོང་མ་ཐག་ཁོང་གིས་འཛུམ་དམུལ་དམུལ་བྱས་བྱུང་། ཁོང་ནི་ཏག་ཏག་དེ་རིང་རྒྱུགས་ལེན་མཁན་པོ་དེ་རེད། ངས་ཁོང་ཡིན་པ་ཤེས་པས་དེ་མ་ཐག་ཡར་ལངས་ནས། “མཁན་པོ་ལགས། གཟིམས་ས་ཨེ་བདེ་ལགས།”ཞེས་ངག་དམའ་མོས་དེ་ལྟར་དྲིས། “བདེ། ཁྱོད་ཀྱིས་འདི་ན་ཅི་བྱེད་ཀྱིན་ཡོད།”ཁོང་གིས་དེ་ལྟར་དྲིས་བྱུང་། ངས་འཛུམ་ཙམ་བྱས་རྗེས་མགོ་བོ་བསྒུར་ནས་སྡོད་པ་ལས་ཁོང་ལ་ལན་ཅི་ཡང་མ་ལྡོན། དེ་ནི་ངས་ཁོང་ལ་གུས་ཞབས་བྱེད་སྟངས་ཤིག་ཡིན། མ་གཞི་ངེད་གཉིས་ངོ་ཤེས་ས་ཞིག་ཡིན། ཁོང་གི་མཚན་ལxxཞུ། ང་རང་ཁོང་གི་འཛིན་གྲྭའི་ནང་དུ་ལོ་ཁ་ཤས་ཤིག་བསྡད་མྱོང་། ཁོང་གིས་ཕྱག་གིས་ཤོག་ལེབ་དེ་ཁ་ཕྱེས་ཏེ།“དེ་རིང་ཁྱེད་ཀྱི་རྒྱུགས་ཡག་པོ་འཕྲོད་འདུག”ཟེར་བཞིན་ཤོག་ལེབ་ངོས་ཀྱི་སྐར་གྲངས་རྣམས་ང་ལ་སྟོན་བྱུང་། ངས་མིག་རིག་རིག་གིས་ཤོག་ལེབ་ངོས་སུ་བལྟས་པ་ན་ང་རང་ཡིད་མི་ཆེས་པར་གྱུར། ཤོག་ལེབ་ངོས་སུ་ཕ་ཡུལxxདགོན་པxxམིངxxxསྐར་གྲངསxxxཞེས་བྲིས་འདུག་པར་མཐོང་བས་ང་རང་དགའ་དྲགས་ཏེ་མཁན་པོའི་ཞལ་རས་ལ་ལན་གཅིག་འཇབ་དགོས་བྱུང་། དེ་དང་མཉམ་དུ་དབུགས་རིང་ཞིག་ཀྱང་འབྱིན་དགོས་བྱུང་། “རྗེས་མར་དཔེ་ཆ་ཡག་པོ་ལྟོས་ཨ། རེ་བ་ཆེན་པོ་འདུག”མཁན་པོས་ང་ལ་དེ་ལྟར་སྨྲས་རྗེས་ཤོག་ལེབ་དེ་ཁུག་མའི་ནང་བསྡུས་ཏེ་ཕྱིན་སོང་། “ ངས་ལགས་སོ་ལགས། ལགས་སོ།།”ཞེས་ཞུས་རྗེས་ང་རང་དགའ་དྲགས་ཏེ་རང་ཉིད་ལའང་ཡིད་མི་ཆེས་པར་གྱུར། ངས་ནུབ་ཁའི་མཚམས་སྤྲིན་ལ་ཅེར་ནས་སྐད་ཆུང་ངུས་ཀི་འབོད་འགའ་བྱས་པ་ན། ང་རང་གཉིད་ལས་སད་བྱུང་། མ་གཞི་ཡོད་ཚད་རྨི་ལམ་ཡིན་འདུག་ཨང་།

༼ སྦྲ་འཚོ། ༽