国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






2024ལོའི་ཁུལ་ཡོངས་ཀྱི་རྒྱ་བོད་རྩོམ་རིག་གསར་རྩོམ་གསོ་སྦྱོང་འཛིན་གྲྭ་དང་བརྩམས་ཆོས་དག་བཅོས་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས།

གསོ་སྦྱོང་བྱ་ཡུལ།

སྤྱི་ཟླ11པའི་ཚེས26ནས་སྤྱི་ཟླ12པའི་ཚེས1ཉིན་བར་ཀྲུང་གུང་དཀར་མཛེས་ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་དཀར་མཛེས་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། 《གངས་དཀར་རི་བོ》དུས་དེབ་ཁང་དང་དཀར་མཛེས་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱིས་གཉེར་འགན་འཁུར་བའི“2024ལོའི་ཁུལ་ཡོངས་ཀྱི་རྒྱ་བོད་རྩོམ་རིག་གསར་རྩོམ་གསོ་སྦྱོང་འཛིན་གྲྭ་དང་བརྩམས་ཆོས་དག་བཅོས་ཚོགས་འདུ”ཁྲེང་ཏུའུ་རུ་འཚོགས་པ་རེད། ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཁོངས་མི་དང《གངས་དཀར་རི་བོ》བོད་རྒྱ་ཡིག་རིགས་གཉིས་ཀྱི་རྩོམ་པ་པོ་བཅས་ཁྱོན་མི66གསོ་སྦྱོང་དུ་ཞུགས་ཡོད།

ཐེངས་འདིའི་གསོ་སྦྱོང་གི་དམིགས་ཡུལ་ནི་རྩོམ་པ་པོ་མིང་གྲགས་ཅན་གྱི་ཆེད་ལས་འཆད་ཁྲིད་དང་། ཆེད་ལས་ལས་ཁུངས་ལ་ལྟ་སྐོར། བརྩམས་ཆོས་དག་བཅོས་བྱེད་སྒོ་སོགས་ཀྱི་རྣམ་པར་བརྟེན་ནས་གཅིག་སྡུད་སློབ་སྦྱོང་བྱས་ནས་རྒྱ་བོད་རྩོམ་རིག་གསར་རྩོམ་མི་སྣའི་ཆེད་ལས་ཀྱི་བྱང་ཚད་དང་གསར་རྩོམ་ནུས་པ་ཇེ་མཐོར་གཏང་རྒྱུ་དེ་ཡིན། གསོ་སྦྱོང་གི་ཁ་གཏད་ཡུལ་ནི་དཀར་མཛེས་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་གངས་དཀར་རི་བོ་དུས་དེབ་ཀྱི་བོད་རྒྱ་ཡིག་རིགས་ཀྱི་རྩོམ་པ་པོ་ཡིན་ཞིང་། གསོ་སྦྱོང་བྱེད་རིང་རྩོམ་པ་པོ་གྲགས་ཅན་དང་མཁས་དབང་མང་པོ་གདན་དྲངས་ནས་འཆད་ཁྲིད་དང་ཕན་ཚུན་བསམ་བློ་བརྗེ་རེས་བྱས་ཡོད་པ་རེད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་པ་ཅིན་རྩོམ་རིག་སློབ་གླིང་དུ་ལྟ་སྦྱོང་དང་སློབ་སྦྱོང་བྱེད་དུ་བསྐྱོད་པས་དཔེ་སྐྲུན་བརྒྱུད་རིམ་དང་རྩོམ་རིག་གསར་རྩོམ་གྱི་ཁོར་ཡུག་ཤེས་རྟོགས་གཏིང་ཟབ་བྱས་ནས་མཐོང་རྒྱ་དང་བསམ་ཕྱོགས་སྔར་བས་རྒྱ་ཆེར་བཏང་བ་རེད།

དུས་ཡུན་ཉིན་དྲུག་རིང་སློབ་སྦྱོང་དང་སྤེལ་རེས་བྱས་པ་བརྒྱུད་དཀར་མཛེས་ཁུལ་གྱི་རྒྱ་བོད་རྩོམ་རིག་གསར་རྩོམ་མི་སྣའི་ཆེད་ལས་བྱང་ཚད་དང་གསར་རྩོམ་ནུས་པ་ཆེ་རུ་ཕྱིན་པ་དང་། འབྱུང་འགྱུར་དཀར་མཛེས་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྩོམ་རིག་གསར་རྩོམ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་ལས་དོན་ལ་མུ་མཐུད་དུ་ཤུགས་བརྒྱབ་ནས་ཁུལ་ཡོངས་ཀྱི་རྩོམ་རིག་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏང་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག་སྦྱོང་བརྡར་ནང་ཞུགས་མཁན་ཚོས་སྦྱངས་པའི་ཐོབ་ཆ་རྣམས་དོན་དངོས་ཀྱི་གསར་རྩོམ་ནང་སྤྱད་དེ་དུས་རབས་གསར་པའི་དཀར་མཛེས་ཀྱི་གཏམ་རྒྱུད་ཡག་པོ་བྲིས་ནས་དཀར་མཛེས་ཁུལ་གྱི་རིག་གནས་དར་རྒྱས་གོང་འཕེལ་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་པ་རེད།།

( ལས་ཞོར་གསར་འགོད་པ་ཆོས་དབྱིངས་ནོར་བུས་བྲིས།)