མ་བཅོས་མགྲིན་པའི་དུང་དཀར་གཡས་འཁྱིལ་ལས། །
བྱུང་བའི་སྙན་འཇེབས་ངག་རིགས་འབུམ་ལྡན་གྱིས། །
གངས་ཅན་གླུ་ཡི་བསྟན་པ་ལེགས་སྲུང་མཁན། །
གླུ་རྒྱལ་བསམ་འགྲུབ་ཚེ་རིང་རིགས་ཀྱི་རྒྱན། །
གཞོན་ཉམས་དུང་སོ་སྟར་འཕྲེང་མཛེས་པའི་ཀློང་། །
སྲབ་རིང་ལྗགས་དམར་པད་མའི་ལང་ཚོ་ངོགས། །
དབྱངས་གསལ་ཟིལ་བ་དྭངས་གཙང་ཁྲོམ་མེ་བའི། །
གངས་རིའི་གླུ་བའི་སྐར་རྒྱན་མགར་བསམ་འགྲུབ། །
སྙན་ཚིག་ལུས་ཕྲ་མ་ཡི་བྲང་གཞུང་ལྟོངས། །
རྨད་བྱུང་དབྱངས་སྙན་གཡུ་བྱུར་རྒྱན་སྤྲས་པར། །
གནའ་དེང་ཁ་བ་རི་པའི་ཡུལ་ལུང་ན། །
ཟླ་མེད་གླུ་བའི་གླུ་རྒྱལ་མགར་གྱི་བུ། །
ཚོར་བ་ཚིག་ལ་བཏབ་པའི་སྙན་ཚིག་རེར། །
དབྱངས་འགྲོས་སྙན་པ་རེ་ཡིས་ཆ་བསྡེབས་ཏེ། །
བཅོས་མིན་ངག་ནས་བླངས་པའི་འགྱུར་ཁུགས་ཀྱིས། །
དགའ་སྐྱོ་ཚོར་བའི་འཕེལ་འགྲིབ་ཅི་ཡང་བགྱི། །
ངག་སྙན་ཁུ་བྱུག་གྲེ་གླུའི་ཡོན་ཏན་རྫོགས། །
ཚངས་སྲས་འཕང་འགྲོའི་སྒྲ་དབྱངས་ཟླ་བོ་སྟེ། །
མཛའ་གཅུགས་གཞས་དབྱངས་རེ་ཡི་བར་གསེབ་ཏུ། །
ཕལ་མིའི་སེམས་ཚོར་ཆང་དཀར་རབ་ཏུ་གཙང་། །
༼ དབྱངས་ལྡེའུ། ༽