国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གཡང་གཡང་།

གཡང་གཡང་ཡང་ཨ་མ་དང་འདྲ་བར་ནངས་སྔ་མོ་ནས་ལངས་ཏེ་ལྷས་རའི་ནང་དུ་ཨ་མ་ལ་ཕྱག་རོགས་བྱེད་དུ་སོང་།

གཡང་གཡང་ནི་སྐྱེ་གཟུགས་ཡག་ཅིང་ཕ་མའི་བཀའ་ལ་བརྩི་བའི་བུད་མེད་ཡ་རབས་ཤིག་ཡིན། དེར་བརྟེན། སྡེ་བའི་ནང་དུ་མངོན་ལྐོག་གཉིས་ཀྱི་སྒོ་ནས་མོར་དེད་མཁན་མང་པོ་ཡོད་ཅིང་། མོ་གཉེན་དུ་སློང་མཁན་ཡང་མང་པོ་ཡོད། དེ་དག་གི་ཁྲོད་དུ་རིགས་བཟང་ངན་གཉིས་ཀ་ཡོད་ཅིང་འབྱོར་བ་ཡོད་མེད་གཉིས་ཀའང་ཡོད།གཡང་གཡང་སློབ་གྲྭ་ནས་སྙིང་རུས་བསྐྱེད་དེ་སློབ་སྦྱོང་ལ་ཧུར་ཐག་གིས་འབད་པ་བྱས་ནའང་། མོ་སློབ་མཐར་ཕྱིན་རྗེས་ལས་ཀ་ཅི་ཡང་མ་རྙེད། དེ་ནི་གཡང་གཡང་ལ་མཚོན་ན་ཆེས་སྙིང་ན་བ་དང་ཕངས་སེམས་ཆེ་ས་དེ་ཡིན། འོན་ཏེ། ད་ལྟ་མོས་སྡེ་བའི་ནང་གི་བྱིས་པ་རྣམས་ལ་སྦྱོང་ཚན་ཟུར་ཁྲིད་བྱེད་ཀྱིན་ཡོད། དེ་རིང་ཡང་མོ་རྣམ་ཀུན་དང་འདྲ་བར་རྫི་བོ་སོང་ནས་ཕྱི་དྲོ་ཉི་ཟེར་གྱི་འོད་མདངས་མོག་མོག་དེ་རི་རྩེ་ནས་ཡལ་བ་ཉེ་དུས་ཕྱིར་ཁྱིམ་དུ་ལྡོག ཁྱིམ་དུ་སླེབས་དུས་ཁོ་ཚང་གི་སྦྲ་སྒོར་བཀྱགས་ནས་འདུག་ཅིང་། སྦྲ་སྒོ་འོག་ནས་བལྟས་ན་སྡེ་བའི་ནང་གི་རྒད་པོ་ཉི་བཟང་དང་ནོར་ནོར་གཉིས་ཕ་རྒན་གྱི་གཡས་གཡོན་ཙོག་སྟེ་ཅི་ཞིག་འཆད་ཀྱིན་འདུག། མོས་དེ་ལ་དོགས་སྣང་ཅི་ཡང་མི་བྱེད་པར་ལྷས་རའི་ནང་དུ་ཨ་མར་ཕྱག་རོགས་བྱེད་དུ་སོང་། “ཨ་མ། ཁོང་གཉིས་ངེད་ཚང་དུ་ཅི་ལ་ཡོང་བ་རེད། ”གཡང་གཡང་གིས་ཨ་མར་ཕྱག་་རོགས་བྱེད་ཞོར་དེ་ལྟར་དྲིས། “ངས་མི་ཤེས།”ཞེས་ཨ་མས་ཅི་ཡང་མི་ཤེས་པའི་ཟོལ་གྱིས་གཡང་གཡང་ལ་ལན་དྲང་མོར་མ་བཏབ། མགྲོན་པོ་གཉིས་སོང་རྗེས་གཡང་གཡང་ཕ་རྒན་གྱི་ཟུར་དུ་སོང་ནས།“ཨ་ཕ། ཁོང་གཉིས་ངེད་ཚང་དུ་ཅི་ལ་ཡོང་བ་རེད། ”ཅེས་ཅུང་ཟད་དོགས་མི་བདེ་བའི་ཟོལ་གྱིས་དེ་ལྟར་དྲིས། “གཉེན་སློང་དུ་ཡོང་བ་རེད། ”ཨ་ཕས་དེ་ལྟར་སྨྲས། “སུ་ཚང་ལ་གཉེན་སློང་དུ་ཡོང་བ་རེད། ”གཡང་གཡང་གིས་ཐེ་ཚོམ་ངང་དེ་ལྟར་དྲིས། “ཆོས་འཕེལ་ཚང་ལ་གཉེན་སློང་དུ་ཡོང་བ་རེད། ”ཨ་ཕས་དེ་ལྟར་སྨྲས། སྐད་ཆ་དེ་ཐོས་མ་ཐག་གཡང་གཡང་གི་སེམས་ལ་ཆོས་འཕེལ་ཚང་གི་རྡོ་རྡོ་ཁ་ཤོར་དྲན་བྱུང་། རྡོ་རྡོ་ཁ་ཤོར་ནི་སྐྱེ་གཟུགས་མི་ཡག་པའི་ཁར་མི་གཤིས་ཀྱང་ངན་པ་ཞིག་ཡོད་པ་དང་། དེ་ལས་ཀྱང་རྡོ་རྡོ་ཁ་ཤོར་དང་གཡང་གཡང་གཉིས་ནི་ཁྱི་དང་ཕག་འཕྲད་པ་ལྟ་བུ་ཞིག་ཡིན་པས་གཡང་གཡང་གི་སེམས་ལ་གཏན་ནས་མོས་མཐུན་མ་བྱུང་། མོས་དེ་མ་ཐག“ རྡོ་རྡོ་ཁ་ཤོར་མ་རེད་དམ། ང་དེ་ལ་མནའ་མ་མི་འགྲོ།”ཞེས་ཚིག་ཐག་ཆོད་པའི་ཟོལ་གྱིས་བཤད་བྱུང་། དེ་མུར་མིག་མཐར་མིག་ཆུ་ཉིལ་ཉིལ་བྱས། “ ཨ་ཕས་ཐག་བཅད་ཚར། འདི་ནི་ཕ་མ་གཉིས་ཀས་ཆེས་མཐའ་མཇུག་གི་རེ་བ་ཉག་གཅིག་ཡིན།”ཨ་ཕས་དེ་ལྟར་སྨྲས། ཡང་དེར་མཐུད་དེ།“ཆོས་འཕེལ་ཚང་ནི་སྡེ་བའི་ནང་གི་རིགས་རྒྱུད་དང་འབྱོར་བ་སོགས་གང་ལ་བལྟས་ནའང་། སྡེ་བའི་ནང་དུ་ཁོང་ཚང་ལས་ཡན་མེད། དེའི་ཕྱིར། ངེད་ཚང་ལྟ་བུ་ཞིག་ཁོང་ཚང་ལ་མནའ་མ་འགྲོ་སར་རྙེད་པ་དེ་ཡང་ཤིན་ཏུ་སྐལ་བ་བཟང་པོ་རེད། ངས་ཀྱང་གཙོ་བོ་ཁྱེད་ཀྱི་མི་ཚེར་འདང་བརྒྱབ་ནས་སྦྱིན་པ་ཡིན།”ཞེས་དེ་ལྟར་སྨྲས། “ང་མི་འགྲོ།རྡོ་རྡོ་ཁ་ཤོར་ཚང་ལ་གཏན་ནས་མི་འགྲོ།”ཟེར་ནས་ཨ་མའི་པང་ལ་མགོ་བོ་གླན་ཏེ་མིག་ཆུ་བཏང་བྱུང་། ཡང་མོས“ཨ་མ་ང་མནའ་མ་མི་འགྲོ། ”ཞེས་སྨྲས་ཏེ་ངུ་སྐད་ཇེ་ཆེར་བཏང་བྱུང་། ཨ་མས་མོའི་མགོ་བོར་བྱིལ་བྱིལ་བྱས་ནས་སྡོད་པ་ལས་སྐད་ཆ་ཚིག་གཅིག་མི་བཤད། དེའི་རྗེས་ཀྱི་ཉིན་དག་ལ་གཡང་གཡང་གི་ཕ་རྒན་རྫོང་ཐོག་ཏུ་སོང་ནས་བཟའ་བཅའ་བཏུང་བ་རྣམས་ཉོས་ཡོང་བ་དང་། གཉེན་སྒྲིག་ལ་གྲ་སྒྲིག་སྣ་ཚོགས་བྱེད་ཀྱིན་འདུག། གཡང་གཡང་ནི་ཐབས་ཟད་དེ་སྔར་བཞིན་རྫི་བོར་སྐྱོད་ཀྱིན་འདུག་ལ། ཕྱི་དྲོ་དེར་གཡང་གཡང་ཕ་མ་གཉིས་ཀྱིས་ཡུན་རིང་ལ་གཡང་གཡང་ལ་བསྒུགས་ནའང་གཡང་གཡང་རྫི་བོར་སོང་ནས་ཕྱིར་སླེབས་མ་བྱུང་། ཁོ་ཚང་གི་གཡང་ཕྱུགས་རྣམས་ཕྱིར་ལྷས་སུ་འདུས་ཟིན་ནའང་གཡང་གཡང་ད་དུང་སླེབས་མ་བྱུང་། དེ་མུར་ཨ་ཕའི་སེམས་ལའང་དོགས་པ་སྐྱེས་ཏེ་སྡོད་མི་ཚུགས་པར་རི་འགོར་གཡང་གཡང་འཚོལ་དུ་སོང་། ཁོས་ཇི་ཙམ་བཙལ་ཡང་གཡང་གཡང་རྙེད་མ་བྱུང་། སྡེ་བ་ཧྲིལ་པོའི་མི་རྣམས་ཀྱིས་མཚན་གཅིག་ལ་བཙལ་ཡང་གཡང་གཡང་རྙེད་པ་ཅི་སྟེ། གཡང་གཡང་གི་གྲིབ་མ་ཙམ་ཡང་མ་རྙེད། ཕ་རྒན་ཐབས་ཟད་དེ་ཡར་འོང་དགོན་པའི་ནང་དུ་མོ་འདེབས་སར་སོང་། “སྤྲུལ་རིན་པོ་ཆེ་ལགས། ངེད་ཚང་གི་གཡང་གཡང་གང་ན་ཡོད་མེད་མོ་ཞིག་འདེབས་རོགས།”ཞེས་སྒོར་བརྒྱ་དང་དར་དཀར་ཞིག་སྤྲུལ་སྐུའི་སྐུ་མདུན་འཕངས། སྤྲུལ་སྐུས་ཅི་ཡང་མི་གསུང་བར་མིག་བཙུམས་ནས་ཡུད་ཙམ་བསྡད་རྗེས། “སྙིང་མ་རྗེ། ཉག་ཆུར་ལྕེབས་འདུག། ཉིན་གཉིས་ཀྱི་རྗེས་ནས་བེམ་པོ་རྙེད་ས་རེད།”ཅེས་སྨྲས་ཏེ་ཕྱག་རྒྱ་སྤྱི་གཙུག་ཏུ་བཞག་ཏེ།“མགོན་པོ་འོད་དཔག་མེད་མཁྱེན། གཡང་གཡང་གི་རྣམ་ཤེས་བདེ་བ་ཅན་དུ་སྐྱེ་བར་ཤོག”ཟེར་ནས་སྨོན་ལམ་བཏབ་བྱུང་། ཕ་རྒན་ཡིད་མི་ཆེས་པས་སྤྲུལ་སྐུའི་གདོང་ལ་ཧད་དེ་ལུས། དེ་དུས་ཁོ་ལ་སྐད་ཆ་ཅི་ཡང་མི་འདུག་ཅིང་ཉི་འོད་ཀྱང་ཁོའི་སྡུག་བསྔལ་བཞིན་ནུབ་རི་ནས་ཕངས་སེམས་ཀྱིས་ནུབ་ཀྱིན་འདུག།

༼ སྦྲ་འཚོ། ༽