国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བྱམས་པའི་སྒྲོན་མེ་གངས་ཅན་མཐོ་སྒང་དུ་སྦར།། བརྩེ་བའི་དྲོད་ཁོལ་ཉམ་ཆུང་འཁོས་ཞན་ལ་བྱིན།།

གསེར་རྟ་རྫོང་གི་ན་གཞོན་ལས་བྱེད་པ་ཀྲང་ཧན་གྱི་གནས་ཚུལ་རགས་བཀོད།

རང་ཁུལ་གྱི་གསེར་རྟ་རྫོང་དུ་ན་གཞོན་ལས་བྱེད་པ་ཀྲང་ཧན་ཞེས་པ་ཞིག་ཡོད་དེ། ཁོང་སྔར་རྗེས་སུ་དགེ་རྒན་དང་ན་གཞོན་ཞབས་ཞུ་པ། དབང་པོ་སྐྱོན་ཅན་ཞབས་ཞུ་པ་སོགས་ཀྱི་ལས་གནས་སུ་ལས་དོན་བསྒྲུབས་མྱོང་ཞིང་། པ་ཀྲོང་ནས་ཡོང་བའི་ལོ་རབས་བརྒྱད་ཅུ་པའི་ལས་བྱེད་པ་དེ་ད་ལྟར་གསེར་རྟ་རྗོང་ཨུའི་གཞུང་ལས་ཁང་དང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་མགོ་གཙོ་ཡིན། སི་ཁྲོན་ཞིང་ཆེན་གྱི་གུང་ཁྲན་ཏང་མི་ཕུལ་བྱུང་དང་སི་ཁྲོན་ཞིང་ཆེན་གྱི་དང་བླངས་པ་ཕུལ་བྱུང་བརྒྱ་སོགས་ཀྱི་མཚན་སྙན་ཐོབ་ཡོད།

དབུལ་པོ་རྩ་བཅོས་ཐབས་ཇུས་དེ།། སློབ་གསོར་བརྩིས་ནས་འབད་འབུངས་བྱས།།

2007ལོའི་ལོ་འགོར་ལོ་རབས་བརྒྱད་ཅུ་པའི་ནང་སྐྱེས་པའི་ལས་བྱེད་པ་ཀྲང་ཧན་གསེར་རྟ་རྫོང་དུ་ཡོང་ནས་ས་ཐག་རིང་ཤོས་དང་དཀའ་ཚེགས་ཆེ་ཤོས་ཀྱི་ཉི་སྟོད་ལྟེ་བའི་སློབ་གྲྭའི་དགེ་རྒན་གྱི་ལས་ཀ་གཉེར། གསེར་རྟར་ཐོག་མར་སླེབས་སྐབས་ས་བབ་མཐོ་ལ་གསོ་རླུང་དཀོན་པའི་ཁོར་ཡུག་དང་འཚོ་བའི་ཆ་རྐྱེན་ཞན་པ། ལྷག་པར་དཔལ་འབྱོར་རྗེས་ལུས་ཐེབས་པའི་གནས་ཚུལ་ལ་དམིགས་ནས། ཀྲང་ཧན་གྱིས་སློབ་གསོ་ནི་མི་རབས་ནས་མི་རབས་བར་དབུལ་པོའི་རྩ་བ་བཅོས་པའི་ཐབས་ཇུས་ཤིག་ཡིན་པའི་འདུ་ཤེས་བཅངས་ཏེ། ཚམ་ཚོམ་མེད་པར“སློབ་རན་སློབ་མ་གཅིག་ཀྱང་ལུས་སུ་མི་རུང་བའི”ཆོད་སེམས་ཐོག་ནས་སློབ་མཚམས་མི་ཆད་པ་དང་སློབ་ཞུགས་འགན་ལེན་གྱི་ལས་དོན་ནང་ཞུགས་པ་རེད།

ལས་ཀ་བྱེད་རིང་ཀྲང་ཧན་གྱིས་ས་བབ་མཐོ་ལ་གྲང་ངར་ཆེ་བ་དང་གསོ་རླུང་མི་འདང་བ་བཅས་ལ་མི་འཛེམས་པར་རི་བརྒལ་རླུང་གཤག་གི་སྒོ་ནས་སློབ་མའི་ཁྱིམ་དུ་སོང་ནས་གནས་ཚུལ་རྒྱུས་ལོན་བྱས་པ་དང་། ལྷག་བསམ་ཟོལ་མེད་ངང་མ་འོངས་པའི་མདུན་ལམ་རིང་མོའི་ནང་ཤེས་བྱ་རིག་གནས་མེད་ན་ནམ་ཡང་རྗེས་ལུས་ཉིད་ལས་མེད་པའི་གནས་ལུགས་གསལ་བཤད་དང་། ཨ་མ་ལས་མཐོང་མ་མྱོང་བ་དང་སྒོ་ཐེམ་ལས་བརྒལ་མ་མྱོང་བའི་ཞིང་འབྲོག་མང་ཚོགས་ལ“དབྱར་རྩྭ་དགུན་འབུ་ཡག་ཤོས་དེ་སློབ་ཁང་དུ་ཡོད་པའི”བསམ་བློའི་འདུ་ཤེས་བཅང་དུ་བཅུག་པར་བརྟེན། ས་གནས་དེ་གའི་སློབ་མའི་སློབ་ཞུགས་བྱེད་ཚད་བརྒྱ་ཆ60ནས100བར་མཐོ་རུ་ཕྱིན་ཡོད།

འབད་བརྩོན་དེ་འདྲ་བྱས་དོན་སྐོར་གླེང་སྐབས། ཀྲང་ཧན་གྱིས་གསར་འགོད་པར་ངས་ཁྱེད་ཀྱི་ཕྲུ་གུ་འཇོན་ཐང་ཅན་དུ་གསོ་སྐྱོང་བྱེད་ངེས་ཡིན་ཞེས་པའི་དམ་བཅའ་དེ་ལས་མི་འདའ་བའི་ཆེད་དུ་ཡིན་ཞེས་པའི་སྐད་ཆ་ཚིག་གཅིག་ལས་བཤད་མ་སོང་། ལོ་བཅུ་བདུན་རིང་ཁོང་གིས་སྔ་རྗེས་སུ་ཁྱིམ་ཚང་དབུལ་པོའི་ཕྲུ་གུ7རང་གི་ཁྱིམ་དུ་ཁྲིད་ནས་གསོ་སྐྱོང་དང་སློབ་ཁྲིད་བྱས་པ་དང་། ངལ་གསོའི་དུས་ཚོད་སྤྱད་དེ་སློབ་མ500ལྷག་ལ་རིན་མེད་ངང་སློབ་ཚན་གསབ་ཁྲིད་དང་གཞོན་ནུ300ལྷག་ལ་རིན་མེད་ངང་ཡིག་རྒྱུགས་གོང་གི་གསོ་སྦྱོང་བྱས་ཏེ་གསེར་རྟའི་སློབ་མ53ལས་གནས་ཐོག་བསྐྱོད་ཐུབ་པ་དང་ཤེས་བྱར་བརྟེན་ནས་ལས་དབང་ལ་འགྱུར་ལྡོག་བཏང་ཐུབ་ཡོད། ཁོང་གི་འབད་བརྩོན་ལྷོད་མེད་ལ་མང་ཚོགས་ཚོའི་ཁས་ལེན་གང་ལེགས་ཐོབ་ནས་བྱམས་བརྩེའི་ངང་མཐོ་སྒང་གི་དགེ་རྒན་བཟང་པོ་ཞེས་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་གཏོར་བ་རེད།

ཇི་ལྟར་བྱས་ན་གཞོན་ནུ་ལོ་ཆུང་དག་ཁང་པའི་དཀྱིལ་ཀ་ལྟ་བུ་གཙོ་བོའི་གཙོ་བོར་འགྱུར་ཐུབ་ཅེས་པར། ཁོང་གིས་དེ་ནི་གཞོན་ནུ་ལོ་ཆུང་དག་གི་བསམ་བློ་ལེགས་བཅོས་ཐུབ་མིན་ལ་རག་ལས་ཡོད་ཅེས་བཤད། ཀྲང་ཧན་གྱིས་གུང་གཞོན་ཚོགས་པའི་རྫོང་ཨུ་རུ་ལས་ཀ་སྒྲུབ་དུས་གཞོན་ནུ་ལོ་ཆུང་ནི་གསེར་རྟའི་འབྱུང་འགྱུར་གྱི་རེ་བ་ཡིན་པ་གསལ་པོ་ཤེས་ཀྱི་ཡོད་ལ། ཏང་ལེགས་སྐྱོང་ལ་བརྟེན་ནས་གུང་གཞོན་ཚོགས་པའི་འཛུགས་སྐྱོང་ལ་སྣེ་ཁྲིད་པ་མཐའ་འཁྱོངས་ཏེ་རིམ་རྩིས་བྱས་ན་རིགས་ཁག་གི་གུང་གཞོན་ཚོགས་པའི་རྩ་འཛུགས131བཙུགས་པ་དང་། དཀར་མཛེས་ཁུལ་གྱི་དྲྭ་ཐོག་དྲིལ་བསྒྲགས་དང་བླངས་ཞབས་ཞུ་རུ་ཁག་དང་པོ་དེ་བཙུགས་ཤིང་། གཞོན་ནུ་ལོ་ཆུང་གི་དང་བླངས་ཞབས་ཞུའི་ལས་དོན་ཡུན་རིང་སྤེལ་ནས་གཞོན་ནུ་ལོ་ཆུང་གིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་པ་རེད།

གླེང་རིན་ཡོད་པ་ཞིག་ནི་སློབ་མ་དབུལ་པོ་རྣམས་སློབ་གྲྭར་བསྐྱོད་དཀའ་བ་དང་འཚོ་བར་དཀའ་ངལ་ཡོད་པ་སོགས་ཀྱི་གནད་དོན་ཞི་ལྷོད་དུ་གཏང་ཆེད། ཁོང་གིས་རོགས་སྐྱོར་དང་རོགས་སྐྱོབ་ཐད་འབྲེལ་ཟམ་བཙུགས་ཏེ་སློབ་མ་དབུལ་པོ20ལ་སྔ་རྗེས་སུ་རོགས་དངུལ་ཐོབ་པ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་ལོ་ཆུང་བྱིས་པ630ཡི་དཀའ་ངལ་སྣ་ཚོགས་ཁྱད་དུ་གསོད་རོགས་བྱས་ཏེ་སློབ་གྲྭར་འགྲོ་བའི་ཕུགས་བསམ་མངོན་འགྱུར་བྱུང་བ་དང་། དཀའ་ངལ་ཡོད་པའི་མང་ཚོགས1500ལྷག་དྲོ་སྐྱིད་ལྡན་པའི་ངང་དགུན་ཁ་བརྒལ་ཐུབ་པར་རོགས་རམ་བྱས་ཡོད། ལྷག་པར་དུ་སྒྲོག་འགྲེལ་བཅོས་སྒྲིག་དང་རིམས་ནད་འགོག་ཟོན་སོགས་དཀའ་ངལ་དང་ཉེན་ཚབས་ཆེ་བའི་མདུན་དུ་ཁོང་གིས་མ་སྐུལ་དང་ལེན་གྱིས་རྩ་འཛུགས་ལ་རེ་བ་ཞུས་ནས་དང་བླངས་པ་དང་མཐུན་སྦྱོར་ངང་རིགས་ཁག་གི་དང་བླངས་ཞབས་ཞུ25480ཁྲོད་དུ་ཞུགས་ཤིང་། ཁོང་ལ་གཅིན་སྙི་ཟ་ཁུའི་ནད་ཕོག་ན་ཡང་སྔར་བཞིན་ལས་གནས་བརྟན་སྲུང་བྱས་པ་རེད།

དབང་པོ་སྐྱོན་ཅན་མི་ཚོགས་ལ།། ལ་རྒྱ་ལྡན་པས་འཚོ་ཐབས་གཉེར།།

2020ལོར་ཀྲང་ཧན་གསེར་རྟ་རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སུ་ལས་གནས་སྤོས། ལས་དོན་སྔར་ལས་ཡག་པོ་སྤེལ་ཆེད། ཁོང་གིས་རྟག་ཏུ་གསོ་རླུང་བླུགས་སྣོད་ཁྱེར་ནས་ས་བབ་སྨི4000ཡན་གྱི་འབྲོག་སྡེ་དང་ཐག་རིང་གྲོང་ཚོར་ལས་དོན་སྤེལ་བ་དང་། གོམ་པ་བརྒྱབ་ནས་རྫོང་ཡོངས་ཀྱི་དབང་པོ་སྐྱོན་ཅན་མང་ཚོགས1603ལ་བཅར་འདྲི་བྱེད་པ་དང་། ལམ་ཐག་ཇི་ཙམ་རིང་བ་དང་ས་བབ་ཇི་ཙམ་མཐོ་ཡང་དབང་པོ་སྐྱོན་ཅན་ཡོད་སར་ཁོང་གི་གཟུགས་བརྙན་མཐོང་རྒྱུ་ཡོད་ཅིང་། ཁོང་གིས་དབང་པོ་སྐྱོན་ཅན་ལ་སྔར་ལས་ལ་རྒྱ་ལྡན་པའི་ངང་འཚོ་བ་རོལ་དུ་འཇུག་རྒྱུ་ནི་ངའི་རིན་ཐང་གི་དོན་གཉེར་ཞིག་ཡིན་ཞེས་བཤད།

ལས་ཀའི་ཁྲོད་ཀྲང་ཧན་ལ་དབང་པོ་སྐྱོན་ཅན་ལས་ཞུགས་ཐུབ་པ་ནི་དབུལ་པོའི་གནས་ལས་ཐར་བ་དང་སྤྱི་ཚོགས་ནང་ཞུགས་རྒྱུར་རོགས་རམ་བྱེད་པའི་བྱ་ཐབས་ནུས་ལྡན་ཞིག་ཡིན་པའི་མྱོང་ཚོར་ཟབ་མོ་བྱུང་བས་ཁོང་གིས“གཅིག་སྡུད་གསོ་སྦྱོང་དང་སྒོ་རྩར་སློབ་སྦྱོང་། ཆེད་དོན་སྒྲིག་སྲོལ”བཅས་ཀྱི་བྱ་ཐབས་སྤྱད་དེ་དབང་པོ་སྐྱོན་ཅན་མང་ཚོགས888བསྡུས་ནས་རྩལ་ནུས་གསོ་སྦྱོང་བྱས་ཏེ་ཕྱོགས་མང་པོའི་ཐད་ནས་ལས་གནས་རག་ཐབས་བྱས་པ་རེད། མ་དངུལ་བཏང་ནས་དབང་པོ་སྐྱོན་ཅན་གྱི་རང་འཕེར་ལག་བཟོ་ཁང་ཞེས་པ་བཙུགས་པ་ལས་དབང་པོ་སྐྱོན་ཅན611གིས་ལས་ཞུགས་ལས་གཏོད་བརྒྱུད་དེ་རང་སྟོབས་རང་སྤེལ་ངང་འཚོ་བ་སྐྱིད་པོའི་ཕྱོགས་སུ་གོམ་ཁ་བསྒྱུར་ཐུབ་ཡོད།

གཞན་ཡང་དབང་པོ་སྐྱོན་ཅན་གྱི་དངོས་ཡོད་དཀའ་ངལ་ཐག་གཅོད་རོགས་བྱེད་པའི་ཆེད་དུ། ཁོང་གིས་རྟག་ཏུ་ཁ་བཏགས་ཤིག་ཁྱེར་ཏེ་འཛུམ་དམུལ་དམུལ་ངང་རོགས་སྐྱོར་ཚན་པ་དང་སྤྱི་ཚོགས་ཁེ་ལས། གཅེས་སེམས་མི་སྣ་སོགས་བཙལ་ཏེ་ཞལ་འདེབས་བསྡུས་པ་དང་། དབང་པོ་སྐྱོན་ཅན་བྱིས་པ་དྲག་སྐྱེད་བྱུང་བ་དང་ཁ་ཤོ། རུས་ཚིགས་བརྗེ་བ། སྐྱ་འགྲིབ་སོགས་རོགས་སྐྱོབ་རྣམ་གྲངས11ལག་ལེན་བསྟར་བ་དང་། སྒོར་ཁྲི100ལྷག་གི་གཅེས་སེམས་དངོས་ཟོག་གྲབས་གསོག་བྱས་ནས་དབང་པོ་སྐྱོན་ཅན8000ལྷག་གི་སྒོ་ཁར་དང་བླངས་ཞབས་འདེགས་ཞུས་ཡོད། དེ་དང་ཆབས་ཅིག་ཁོང་གིས་ད་དུང་དབང་པོ་སྐྱོན་ཅན་གྱི་མང་ཚོགས་ཁྲིད་དེ་ཞིང་ཆེན་བདེ་ཐང་སླར་གསོའི་སྒྲིག་གཞིར་སྨན་བཅོས་བྱེད་པར་བསྐྱོད་པ་དང་ཁྱིམ་ཚང་གི་ཆ་རྐྱེན་ལ་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་མང་ཚོགས་དང་འཕྲད་སྐབས་ཁོང་གིས་མི་སྒེར་གྱི་སྒོར་མོ་སྤྲད་ནས་རླངས་འཁོར་གྱི་རིན་པ་དང་འཚོ་བའི་གྲོན་དངུལ་ཐག་བཅད་དེ་དབང་པོ་སྐྱོན་ཅན་མང་ཚོགས310ལ་སྔ་རྗེས་སུ་བདེ་ཐང་སླར་གསོའི་རོགས་སྐྱོབ་ཐོབ་པར་བྱས།

རོགས་རམ་བྱ་དགོས་པའི་མི་ལ་རོགས་རམ་བྱས་པ་ནི་རང་གིས་རང་ལ་རོགས་རམ་བྱས་པ་ཡིན་ལ་རང་གིས་རང་ལ་བདེ་བ་སྟེར་བའང་ཡིན་ཞེས་པ་དེ་ནི་ཀྲང་ཧན་གྱི་སེམས་གཏིང་གི་སྐད་ཆ་རེད། ཁོང་གིས་ལས་གནས་དཀྱུས་མ་རུ་བྱ་བ་དཀྱུས་མ་ཡག་པོ་སྒྲུབ་པ་ནི་དཀྱུས་མ་མ་ཡིན་པའི་བྱ་སྤྱོད་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད། ཀྲང་ཧན་གྱིས་ངར་ཤུགས་དེ་ལ་བརྟེན་ནས་རང་ཉིད་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བ་དང་བྱམས་སེམས་ཀྱི་སྒྲོན་མེ་མཐོ་སྒང་མང་ཚོགས་ཀྱི་ཁྲོད་དུ་སྦར་ཏེ་མིག་མཐོང་ལག་ཟིན་གྱི་དྲོད་ཁོལ་བྱིན་པ་ཡིན་ནོ།།

( མིག་དམར་དོན་འགྲུབ་ཀྱིས་བྲིས། )