国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སོ་སྐྱེ་འདི།

ངེས་འབྱུང་བཅོས་མིན་སེམས་ཀྱིས་ཞེ་རྩ་བརླན། །

སོ་སྐྱེ་རང་བཞིན་དངོས་ཀྱི་ཡོ་ལང་དུ། །

སྡང་སེམས་ཐན་ཐུན་ཅིག་གིས་འཁྲུག་ལོང་ནས། །

ཕྱིན་ཆད་འགྱོད་སེམས་ཁང་ནས་མེ་ལྕེ་མཆེད། །

རྣམ་རྟོག་ཁབ་རྩེ་རྒོད་པོའི་རྩེ་མོ་རུ། །

མི་སེམས་ནག་དཀར་ཕྲེང་བའི་འདུ་འགོད་ཁྲོད། །

ནག་ཉེན་རྫུན་བག་ཅན་གྱི་ཞགས་པ་དེ། །

སོ་སྐྱེ་འཆིང་བའི་མི་ཡིས་མགོ་སྐོར་ཐབས། །

འཁོར་བའི་མགྲོན་པོ་བཞིན་དུ་འཁྱམ་འཁྱམས་ནས། །

འཚོ་བ་དཀར་ནག་རི་མོའི་ནང་ཤེད་དུ། །

སོ་སྐྱེ་འགྲོ་བ་མི་ཡིས་ལས་དབང་ལ། །

ཀུན་རྫོབ་ཚིག་གིས་མདའ་མཚོན་ཆར་བཞིན་འབབ། །

ངེས་མེད་རྣམ་ཤེས་འཁྱམ་པོར་གྱུར་པའི་ཚེ། །

ཕྱི་མའི་མྱ་ངམ་ཐང་དུ་ངུ་འབོད་རེ། །

སོ་སྐྱེ་ལས་དབང་ལྡོག་མེད་རྒྱུ་འབྲས་ཀྱིས། །

རྣམ་སྨིན་དམྱལ་ངན་ཚ་མོ་མྱོང་བཞིན་རྒོད། །

རྣམ་དག་བདེ་ཆེན་དག་པའི་ཕོ་བྲང་དུ། །

འོད་གསལ་མ་བུ་འདྲེས་མའི་འདུས་མདོ་ནས། །

སོ་སྐྱེ་གྱད་ཀྱི་རྣམ་ཤེས་གཞན་དུ་སྤོར། །

རྒྱུ་འབྲས་ཆོས་ཉིད་དངོས་པོའི་གཤིས་སུ་འཕོས། །

༼ བདེ་ཆེན་ངག་གྲོལ། ༽