国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཨ་མའི་འཛུམ་ཆུང་།

འགྲོ་ཀུན་བརྩེ་བས་སྐྱོང་བའི་ཏཱ་རེ་ཡི་སྒྲོལ་མ། །

འཕགས་མཆོག་རྒྱལ་ཀུན་ཡུམ་གྱུར་ཤེས་རབ་ཀྱི་ཕྱིན་མ། །

རྨོངས་མུན་དྲ་བ་བཅད་པའི་རྗེ་བཙུན་མ་ཁྱེད་ཀྱིས། །

སྟོང་ཁམས་སྲིད་པའི་མཛངས་མར་ཐུགས་རྗེ་ཡིས་གཟིགས་ཤིག །

བདག་མེད་འདབ་ལོ་བཞིན་དུ་ཡར་མར་དུ་སྤུར་ཞིང་། །

གྲོགས་མེད་ཁེར་རྐྱང་འཁྱར་པོ་བར་དོ་ལ་འགྲིམ་དུས། །

བརྩེ་ཆེན་མིག་གིས་ཅེར་པའི་སྙིང་རྗེ་ཞིག་བསྐྱེད་པས། །

མ་བཅོས་བྱམས་པའི་དུང་སེམས་རི་མོ་ཞིག་བྲིས་འདི། །

རང་ལུས་གཞོན་གྱི་དུས་ཚོད་གཅེས་གཅེས་དེ་མ་བྱས། །

ན་ཟུག་དཀའ་སྡུག་ཁྲི་ཡི་ངལ་བ་ལ་མ་དོགས། །

ཟླ་དགུ་ཞག་བཅུར་བསྐྱངས་ཏེ་བརྩེ་བ་དེ་མ་འདོར། །

ངལ་མེད་བདག་ལུས་གནང་བའི་བཀའ་དྲིན་དེ་མི་བརྗེད། །

སྲིད་གསུམ་སྒྱུ་མའི་བྲོ་རར་དང་ཐོག་ནས་སྐྱེས་དུས། །

གཅེར་བུ་བྲང་ལ་སྦྱར་ཏེ་ལུས་དྲོད་ཀྱིས་གསོས་ཤིང་། །

དྭངས་བཅུད་འོ་མ་མངར་མོས་ཕོ་སྟོང་དེ་བཀང་ནས། །

གཅེས་རྒུ་མཉེས་རྒུས་བྱམས་པའི་ཡུམ་ཆེན་དེ་དྲན་ནོ། །

བྱིས་དུས་སྙིང་རྗེས་རློན་པའི་བརྩེ་བ་ཡིས་གཟིགས་ཏེ། །

གོམ་གསུམ་སྔོན་ལ་སྤོ་ཚེ་ལུས་རྒྱབ་ཀྱི་ངོས་སུ། །

ཐག་པ་དགུ་སྒྲིལ་བྱས་ཏེ་ཐང་སྟོང་དུ་མ་བསྐྱུར། །

ངལ་མེད་ཁུར་ཆེན་བཞེས་ནས་གཅེས་སྤྲས་ཀྱིས་བསྐྱངས་བྱུང་། །

དང་པོ་འཇིག་རྟེན་ཁམས་སུ་གོག་གོག་དེ་བྱེད་དུས། །

དྲི་ངར་གཅིན་དང་སྐྱག་པ་བཙོག་བཙོག་ཅིག་མ་བལྟས། །

ཞི་འཇམ་བྱམས་ཀྱིས་བསྐྱངས་པའི་བརྩེ་ལྡན་གྱི་མ་ལོ། །

མི་འབྲལ་སྙིང་རྗེས་གཟིགས་ཏེ་བདག་མདུན་དུ་བཞུགས་སོང་། །

ན་ཆུང་གཞོན་ཤ་ཆགས་པའི་ལོ་ཟླ་ལ་རོལ་དུས། །

རྔུལ་ཆུ་ཐིག་པས་བསགས་པའི་ནོར་རྫས་ཀྱི་གཡང་བཅུད། །

ཟ་སྦྱིན་ཡིད་ཀྱིས་མ་ཕངས་སྒྲུབ་སྒྲུབ་ཀྱི་སྙིང་པོས། །

ང་ཚོའི་བདེ་སྐྱིད་ཙམ་ལས་རང་ཉིད་དེ་མ་བསམ། །

གོམ་འགྲོས་མཛུབ་མོས་ཁྲིད་ཅིང་ཡང་དག་གི་ལམ་ལ། །

བརྩེ་ཆེན་ཤར་གྱི་ཐིག་ལེའི་འོད་དཀར་གྱིས་སྤྲོས་ཤིང་། །

བཀའ་གདམས་གསུང་གསང་འོ་མའི་ཆུ་གཏེར་གྱིས་བརླན་ཏེ། །

སྐལ་ལྡན་པདྨའི་དགའ་ཚལ་མཛེས་སྡུག་གིས་བསྐྱངས་སོ། །

ཕྱི་ནང་ཆོས་ཀུན་སྣང་བ་དཔེ་ཆོས་སུ་བཙལ་ཀྱང་། །

མཚུངས་མེད་མི་ཡི་སྲས་མོ་བརྩེ་ལྡན་གྱི་ཡུམ་ཆེན། །

བདེ་སྐྱིད་དགའ་ལྡན་ཡུལ་ལ་འཛུམ་འཛུམ་གྱིས་རེག་ཏེ། །

ཚེ་ལོ་བསྐལ་བརྒྱའི་བར་དུ་འཚོ་བཞེས་སུ་བཞུགས་རོགས། །

༼ རང་མདངས། ༽