ད་ལྟ་ཐོ་རེངས་དུས་ཚོད་དྲུག་པར་ཉེ་ནའང་། ང་རང་ད་དུང་གཉིད་མི་ཁུགས་པར་ཕྱི་རོལ་གྱི་མཚན་ལྗོངས་ལ་བལྟས་ཏེ་བསྡད། ཕྱེད་ཀ་ལས་ལྷག་མེད་པའི་ཟླ་བའང་སྒེའུ་ཁུང་ཁ་གཏད་དུ་སླེབས་ཤིང་། སླར་ཡང་གཏིང་མཐུག་པའི་སྤྲིན་གསེབ་ཅིག་ཏུ་ཡིབ། རེས་འཆར་རེས་ནུབ་ཀྱི་ཟླ་འོད་ཀྱིས་དགའ་སྐྱོ་ཟུང་གི་ཚོར་བ་སྐྱེས་སུ་བཅུག། ཞིབ་ཏུ་རྣ་བ་གླགས་ནས་རྒྱང་རིང་ལ་ཉན་དུས་མཚན་མོ་འདི་ཧ་ཅང་ལྷིང་འཇགས་ཤིག་རེད། གྲོང་མཐའི་ཁྱི་ལྡོམ་གྱི་ཟུག་རྔུ་དང་འགྲུལ་བཞུད་རླངས་འཁོར་གྱི་ཤུར་སྒྲ་ཙམ་ཡང་མི་འདུག། ཐ་ན་མི་སེམས་ཀྱི་གདུང་བ་ཁྱེར་བའི་རླུང་བུའང་མི་འདུག།
ད་ལྟ་ཐོ་རེངས་དུས་ཚོད་དྲུག་པར་སླེབས་ནའང་། ང་རང་ད་དུང་གཉིད་མི་ཁུགས་པར་ཕྱི་རོལ་གྱི་མཚན་ལྗོངས་ལ་བལྟས་ཏེ་བསྡད། མི་རྣམས་རྨི་ལམ་གྱི་ཞིང་ཁམས་ནས་ཕྱིར་ལོག་གྲབས་ཡོད་ནའང་། ངས་ད་དུང་རྨི་ལམ་གྱི་སྒོ་མོ་རྡུང་ཐུབ་མེད། སྒེའུ་ཁུང་ཕྱི་རོལ་གྱི་ཟླ་བའི་འོད་སྣང་དང་ཁ་བའི་རི་ལུང་གི་མཛེས་པ་ནི་ང་ལྟ་བུའི་རྨི་ལམ་གྱི་སྒོ་མོ་རྡུང་ཐུབ་མེད་པ་དག་ལ་སྐྱེས་སུ་ཕུལ་བ་འདྲ། ལུས་སེམས་ཨ་ཐང་ཆད་པས་གླུ་དབྱངས་སྙན་མོ་འགའ་སྐྱོ་བའི་ལྷན་ཐབས་སུ་སྦྱར་ཏེ་དཔྱིད་ཀའི་མཚན་མོ་ཞིག་འདི་ལྟར་ཆོད་ཐབས་བྱས། འདི་ལྟར་མཚན་མོ་མང་པོ་ཞིག་ཀྱང་ཆོད་ཐབས་བྱས།
ད་ལྟ་ཐོ་རེངས་དུས་ཚོད་དྲུག་པ་ཡོལ་ནའང་། ང་རང་ད་དུང་གཉིད་མི་ཁུགས་པར་ཕྱི་རོལ་གྱི་མཚན་ལྗོངས་ལ་བལྟས་ཏེ་བསྡད། སྐད་ཅིག་ཉིད་ལ་ལོ་ཟླ་རྫོགས་མེད་ཅིག་རྨི་ལམ་གྱི་བསྡུས་གཟུགས་ཤིག་ཏུ་གྱུར་ཅིང་། ངོ་ཤེས་མང་དག་ཅིག་ཕར་ནང་གི་རླུང་བུ་ཞིག་ཏུ་གྱུར་པའི་སྣང་བ་འདི་ཡིས། ད་ནི་མང་པོ་མང་པོ་ཞིག་ལས་ལོགས་སུ་གྱེས་པའི་ཚོར་བ་སྐྱེས་བྱུང་། སེམས་ཁྲལ་དང་སྐྱོ་ངལ་གྱི་རྡོག་ཁྲེས་ཁུར་བའི་ཁེར་རྐྱང་ཞིག་ཏུ་གྱུར་པའི་ཚོར་བའང་སྐྱེས་བྱུང་། དེ་ལྟ་ནའང་། ངས་སྔར་བཞིན་ལྷིང་འཇགས་ཀྱི་མཚན་མོ་འདི་རང་ཉིད་ལ་ཕུལ་བའི་སྐྱེས་ནོམ་ཡིན་པར་བསམ། ད་ལྟ་ཐོ་རེངས་དུས་ཚོད་དྲུག་པ་ཡོལ་ནའང་། ང་རང་ད་དུང་གཉིད་མི་ཁུགས་པར་ཕྱི་རོལ་གྱི་མཚན་ལྗོངས་ལ་བལྟས་ཏེ་བསྡད།
༼ ཚོར་རྐང་། ༽