国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཡིད་འོང་གི་ན་ ཆུང་མ།

ཀུན་རྟོག་སྤྲོས་པ་བྲལ་བ། །

སེམས་ལ་འཁྲུངས་པར་བསམ་ཡང་། །

མཛེས་སྡུག་ཡིད་འོང་མེ་ཏོག །

སྲིད་པའི་ཐང་ན་བཞད་པས། །

ཡིད་ལ་རང་དབང་མ་བྱིན། །

ང་ནི་རི་བོའི་རྩེ་ནས། །

ཁེར་རྐྱང་འདུག་འདོད་མ་བྱུང་། །

ཡིད་འོང་མཛེས་མའི་མཆུ་སྒྲོས། །

འཁྲེང་སེམས་འགོག་ཐབས་མེད་པས། །

ང་ལ་གནང་བ་ཨེ་སྦྱིན། །

ཁྱོད་ནི་གསེར་དངུལ་བཞིན་དུ། །

ང་ལ་བླུ་རིན་མེད་ཀྱང་། །

རང་སྲོག་རིང་ནས་དོར་ཏེ། །

ལས་ཐབས་ཨེ་ལོང་ལྟ་ཡོང་། །

ཁྲེལ་གཞུང་ཕྱི་ཐག་ཅན་པོ། །

གངས་ལྷའི་འཛུམ་དཀར་མི་བཙལ། །

ཁྱོད་ཀྱི་གྲིབ་གཟུགས་འཚོལ་ཡོད། །

ངག་རིག་དབྱངས་ཀྱི་མེ་ཏོག །

ཁྱོད་ལ་སྐྱེས་སུ་བཏེགས་པས། །

ཡང་ནས་གཟིགས་རོགས་མཛོད་དང་། །

ཀུན་རྟོག་འཁྲུལ་བར་མ་བལྟ། །

མཛེས་དང་མི་མཛེས་མ་སྙམ། །

སྡེབ་ལེགས་ཚིག་གི་དབུས་ནས། །

དུང་བའི་རི་མོ་འགྲེམ་ཡོད། །

ཡིད་འོང་སྙིང་གི་དགའ་མ། །

བསིལ་ལྡན་གངས་རིའི་ལྗོངས་ནས། །

སྙན་ཆར་ངག་གི་ཟིལ་མ། །

གཞན་ལ་འབུལ་འདོད་མ་བྱུང་། །

ཁྱོད་ཀྱི་གཤིས་བཟང་མཐོང་དུས། །

བུ་ལ་རང་དབང་མི་སྟེར། །

༼ ཁམས་ཟླ་སྲས། ༽