དགའ་སྐྱོ་ཆགས་སྡང་གི་ཚོར་བ་དེས། ངའི་སེམས་འདི་རྟ་ཕོའི་བང་རྩལ་གྱི་གོམ་ཁ་བཞིན་ཡར་མར་ཀུན་ལ་བརྒྱུགས་ཏེ་མེ་ཏོག་རྙིང་རོ་ལྟ་བུའི་ངོ་བོར་གྱུར་སོང་།
དེ་ནི། སེམས་གཤིས་ཀྱི་རྣམ་པ་ཞིག་ཡིན་ནམ། ལོ་ངོ་ཁ་ཤས་ཀྱི་སྔོན་ལ་གང་དྲན་དྲན་གྱིས་སེམས་ཁམས་དེས། ད་ལྟ་ང་ལ་དྲན་པ་ཞིག་གི་ཡང་སྙིང་དྲན་དུ་བཅུག་སོང་ངམ། སྐད་གདངས་སྙན་མོ་ཞིག་གིས་དྲན་ཁོང་གི་དབྱངས་རྟ་དག་གང་སར་འཕྱོས་ནས་ངས་སེམས་ཀྱི་དྲན་ཚོར་རྒྱ་ཡན་དུ་བཏང་རྗེས། སྙན་ངག་ཅིག་གི་བརྗོད་བྱའི་ངས་ལུས་ཕུང་ཡང་ཟོར་ལྡན་པ་ཞིག་ལ་གྱུར་སོང་།
འཆི་མེད་ལྷ་ཡི་བུ་མོའི་དྲན་ཁོག་གི་ཡང་སྙིང་དེ་དྲན་གསོ་བྱས། བྱིས་པའི་སྐབས་སུ་དྲན་པ་དག་སྨག་རུམ་དུ་ལུས་ནས་རང་མགོ་ཡང་མི་ཐོན་པའི་དུས། འདས་དོན་མང་པོ་ཞིག་ཕྱིར་རྟོགས་བྱས་ནས་དྲན་པའི་ངོས་སུ་འཁྱུད་པར་བྲིད་བསམ་མོད། སླར་དྲན་པའི་ཚོར་བ་དག་ཕྱིར་བལྟ་བྱེད་འདོད་ཀྱིས་བློ་མེད་རུང་། ཚོར་སྣང་དེས་ང་ལ་ཡང་སྙིང་ཅི་ཞིག་སྟེར་སོང་། དེ་ལྟར། ཞིབ་ཏུ་བསམ་ཚེ་འདས་དོན་གྱི་འོག་ཏུ་སྐད་ཆ་རེ་རེ་དོན་དངོས་ཀྱི་ངས་བརྗེད་གཏམ་སྟེ་དྲན་ངོགས་ཀྱི་ཀློང་ན་འཆར་སྲིད་དམ།
ཞོགས་པ་སྔ་མོར་མིག་ཟུང་ཕྱེ་བཙུམ་བྱེད་དུས། སེམས་ཀྱི་སྟེང་ལ་ལྷོད་པོར་ཆགས་པའི་ཉམས། རེ་བའི་མིག་འབྲས་ཀྱི་ལྟ་སྟངས་ལ་ཇི་ལྟར་བཟུང་བའི་ཚུལ། ད་ནི་སེམས་ལ་ཡང་ཡང་འཁོར་ནས་མི་བརྗེད་པ་དང་། དྲན་པས་མ་ཟིན་པ་དེ་སྔོན་མའི་གནས་ཚུལ་དྲན་དུ་འཇུག་པ། དོན་སྙིང་གི་སྙིང་བཅུད། གཡུལ་འགྱེད་བྱས་པའི་མཐའ་མ་ལ། ཡང་སྙིང་སུ་ཡིས་རྒྱལ་ཁ་ལོན་པ་ལྟ་བུའི་དཔེར་མཚོན་དེས། མང་པོ་ཞིག་དྲན་པར་བྱས་ནས་ཡ་ཁོག་གི་དྲན་ཚོར་དེ་དག་གླེང་འགུལ་བྱས་སོང་།
བརྗོད་དོན་ཞིག་གིས་ཡང་སྙིང་ཁྲ་ལམ་མེར་གསལ་བར་བསྟན་རྗེས། འདི་ནི་དྲན་པ་ཞིག་གི་ཡང་སྙིང་ཕྱིར་དུ་རྟོགས་པའི་འདས་དོན་རེ་རེའི་དྲན་ཤིང་ཡིན་ལ།ཕྱིར་མིག་བལྟ་སའི་མེ་ལོང་ཞིག་ཀྱང་ཡིན་ངེས།
དོན་དག་ཞིག་ཡིད་ལ་འཁོར་བྱུང་། གཏམ་རྒྱུད་ཀྱི་མགོ་གཞུག་སྦྲེལ་ཏེ་གླེང་ན། དེ་ནི་སྨག་མོག་གི་ཁྲོད་ཀྱི་སྐར་ཚོགས་གྱུ་མ་གྱུའི་སྣང་ཚུལ་ལས་མ་འདས།མང་པོ་ཞིག་གཉེན་དང་གྲོགས་ཀྱི་འདུན་པ་བཅངས་ནས་ད་ལྟ་མོ་གཅིག་པུ་དྲན་ཁོག་གི་སྙིང་དུ་བཅོལ་ཆོག་གམ། ང་ཡི་འཆི་མེད་ལྷ་ཡིས་བུ་མོ་ལགས། ལན་རེར། ཚོར་སྣང་ཟབ་མོ་ཞིག་གིས་ངས་དྲན་པའི་ནང་ཁྱོད་ལས་གཞན་སུ་ཡོད། དྲན་པ་མི་འདྲ་བ་དེའི་ཐེ་ཚོམ་གྱི་དངན་པ་འཐེན་ཏེ་ཁྱོད་ཀྱི་གཟུགས་བརྙན་དང་སྐད་ཆའི་ཚིག་ཟུར་རེ་རེའང་བློ་ལ་ཤར་ཡོང་།
འཚོ་བ་ལ་སྐྱིད་སྡུག་ཅི་འདྲ་ཡོད་རུང་མོའི་ནང་སེམས་ངས་ཅི་ཙམ་བཙལ་ཀྱང་མཐར་རྟོགས་མ་ཐུབ་པས་དེ་ཙམ་གྱིས་ལས་ཀྱི་བསྡུས་པའི་གཅར་མི་རུང་བའི་རི་དྭགས་ཀྱི་ཕྲུ་གུ་བཞིན་གར་མེད་པར་ཆས། དྲན་པའི་ངོགས་ནས་མོའི་ལག་པདམ་གྱིས་འབྲེལ་ཡོད་ལ་སེམས་ཀྱི་ཡང་སྙིང་ཁོག་ནས་མོའི་བརྩེ་བ་ད་དུང་བརྗེད་མི་སྲིད།
༼ རྒྱ་ཚང་སྨོན་ལམ། ༽