སྲིད་འབྱོར་རྒྱུ་ལ་རྔམས་པའི་དེང་དུས་ཀྱི་སྤྲུལ་སྐུ།།
ཐོབ་དང་སྙན་གྲགས་ཆེ་བའི་གཡོ་རྩེད་དེ་བོར་ལ།
ནང་ཆོས་དམ་པའི་གསུང་རབས་ཉམས་ལེན་རེ་གྱིས་དང་། །
མ་འོངས་འགྲོ་བའི་མགོན་པོའི་སྐྱབས་གནས་དེ་ཡིན་འགྲོ། །
ཆགས་སྡང་མུན་པའི་ཀློང་གི་མི་ཚོགས་ཀྱི་དཔོན་པོ།།
འགྲོ་དོན་རྒྱུ་ལ་བསགས་པའི་བྱེད་ཐབས་དེ་བོར་ལ།།
ཉམ་ཆུང་བརྩེ་བའི་དུང་ཞེན་སེམས་ནང་ལ་སྒོམས་དང་།།
འདི་ཕྱིའི་རྒྱུ་འབྲས་ཟབ་མོ་རང་ཐོག་ལ་འཁོར་ཡོང་།།
གྲུབ་མཐའ་ཕྱོགས་རིས་སྡང་བའི་ཧབ་སེམས་ཀྱི་དགེ་བཤེས། །
རིག་གཞུང་གཡུལ་འགྱེད་སེམས་པའི་ལྟ་བ་དེ་བོར་ལ།།
བཀའ་པོད་གཞུང་ལུགས་འབད་པ་ཡུན་རིང་ལ་བྱོས་དང་། །
གུས་སློབ་བགྲང་ཡང་མི་ལོན་བརྒྱ་ཕྲག་ཅིག་འཕུར་ཡོང་།།
གནའ་དེང་གཞུང་ལུགས་དགག་པའི་གཞོན་ཆུང་གི་མི་བུ། །
ལོག་སྨྲའི་གཏམ་གྱི་རྩོད་པ་སེམས་གཏིང་ནས་དོར་ལ།།
མེས་པོའི་མཁར་ཤུལ་བཟང་པོའི་སྲོལ་རྒྱུན་དེ་སྐྱོངས་དང་།།
གངས་ཅན་བོད་མིའི་སྙིང་གི་ནོར་བུ་དང་འདྲ་ཡོང་།།
བརྩེ་འདང་མར་ལོའི་དབུས་ནས་གཏན་གྲོགས་ཀྱི་བུ་མོ།།
ཕན་ཚུན་ཁྲེལ་མེད་བཏང་བའི་བྱེད་ཐབས་དེ་བོར་ལ།།
གཏན་ཚིག་ཚེ་སྲོག་བཞིན་དུ་རྒྱུན་སྐྱོང་རེ་བྱོས་དང་།།
རང་ཉིད་རང་ལ་བསྐོས་པའི་མི་བུ་དེ་འཐོབ་ཡོང་།།
རུ་སྡེ་ཁྲ་མོའི་དཀྱིལ་གྱི་ཉམ་ཆུང་གི་བུ་ལོ།།
ལང་ཚོ་རི་ནས་རྫོགས་པའི་གཡོ་ཐབས་དེ་བོར་ལ།།
དེང་རབས་ཤེས་རིག་ཅན་གྱི་གླིང་ཕྲན་དུ་སྙེགས་དང་།།
མ་འོངས་གསེར་འོད་འཁྱུད་པའི་འདུན་མ་ཞིག་ལོན་ཡོང་། །
ཤེས་རིག་སྣ་བརྒྱ་བཞད་པའི་སྐྱེད་ཚལ་གྱི་སྤུན་ཟླ།།
དྭངས་སྨན་མཛེས་མར་ཞེན་པའི་དྲན་པ་དེ་བོར་ལ།།
ངེས་མེད་འཁོར་བའི་སྲུང་མདུད་ཡིད་ངོགས་ལ་སྒོམས་དང་། །
རང་ས་རང་གིས་སྲུང་བའི་འཚོ་བ་དེ་རྒྱས་ཡོང་།།
ཕ་ཡུལ་སྐྱིད་ཆུའི་འགྲམ་གྱི་ན་ཆུང་གི་བྱིས་པ།།
དེང་རབས་འཕྲུལ་ཆས་གཡེང་བའི་བྱེད་ཐབས་དེ་བོར་ལ། །
ཕ་སྐད་གསེར་གྱི་ཡིག་འབྲུ་ཚོད་མེད་དུ་སྦྱོངས་དང་།།
ཨ་ནུ་ཐོན་མིས་བཞག་པའི་རུས་ཞེན་དེ་དྲན་ཡོང་།།
རྒྱང་རིང་ཡུལ་གྲུར་འགྲིམས་པའི་འདང་ཆེན་གྱི་ཨ་ཇོ།།
སྐྱོ་གདུང་སེམས་ལ་སྦས་པའི་སྨྲེང་ངག་དེ་བོར་ལ།།
ཞལ་རས་འཛུམ་གྱི་སོ་སྒོ་ཇེ་ལེགས་སུ་ཐོངས་དང་།།
ཁྱེད་ལ་བརྩེ་བའི་མི་དེ་གློ་བུར་དུ་བསླེབ་ཡོང་།།
ངག་རིག་སྒྱུ་མའི་འཕྲུལ་ཐབས་སོར་ཆུད་ཀྱི་ཁུ་བྱུག།
དགུན་གཞུང་ཙག་ངར་བརྒལ་བའི་འཚོ་བ་དེ་བོར་ལ།།
དཔྱིད་འགོའི་མེ་ཏོག་སྙེམ་པའི་ས་ཞིང་རུ་ཕྲོལ་དང་།།
གློ་བུར་སེམས་ལ་འཕྲོད་པའི་ཉི་མ་ཞིག་ཤར་ཡོང་།།
ཚོར་བ་དབྱངས་ལ་བརྐུས་པའི་ཡིག་འབྲུ་ཡི་སློབ་བུ།།
ཆགས་སྡང་གཡུལ་འགྱེད་བྱེད་པའི་ཐབས་ཤེས་དེ་བོར་ལ། །
འབད་པ་རྒྱུན་ཆད་མེད་པར་ཡུན་རིང་དུ་བརྩོན་དང་།།
སྙན་ངག་ལྷ་ཡི་མི་མོ་དབྱངས་ཅན་དེ་མགུ་ཡོང་།།
༼ ཁམས་ཟླ་སྲས། ༽