国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྨོན་ཚིག་སྤྲིན་གྱི་ ལྷག་བསམ།

— ཕྱི་ལོ་ཉེར་བཞིའི་བདག་གི་སློབ་ཐོན་གྱི་སློབ་གྲོགས་ཡོངས་ལ་ཕུལ།

སྤང་ལ་མེ་ཏོག་བཞད་དུས།།

དྲི་བསུང་ཕྱོགས་བཞིར་ཁྱབ་ཡོད།།

ལས་དབང་དམ་དུ་སྦྲེལ་དུས།།

ང་ཚོ་མཉམ་དུ་འཛོམས་ཡོད།།

མཉམ་དུ་འཛོམས་པའི་མི་ལ།།

ཁ་ཞེ་མཐུན་མཐུན་བྱས་པས།།

དུས་བཞིའི་ལོ་ཚིགས་འཁོར་འགྲོས།།

སྐྱིད་ཀྱི་ངང་ནས་འདས་སོང་།།

ལོ་བཞིའི་དགའ་སྐྱོ་ཆགས་སྡང་།།

ཕྱིར་དྲན་སློང་དུ་འཐིམས་སོང་།།

ང་དང་སྙིང་གི་གྲོགས་པོ།།

ཕྱོགས་ནས་ཕྱོགས་སུ་ཐོན་སོང་།།

ཕྱོགས་སུ་ཐོན་པའི་གྲོགས་ལ།།

དབྱར་ལ་མེ་ཏོག་བཞད་འདྲའི།།

བཀྲག་མདངས་ཡིད་དབང་འཕྲོག་པའི།།

མི་ཚེའི་རི་མོ་དགོད་རོགས།།

ད་ཆ་དུས་ཚོད་ཟེར་བའི།།

གླེགས་བམ་དེ་ལ་ལྟ་དུས།།

གློ་དང་རྒྱུ་མའི་མཚམས་ནས།།

གསང་བ་མང་པོ་སྤུངས་ཤག།

གསང་བ་མང་པོའི་གསེབ་ན།།

བརྩེ་བ་མང་པོའི་དཀྱིལ་དུ།།

དུངས་བ་ལྷུག་པོར་གཏམས་པས།།

ལས་ཀྱི་རི་མོ་གསལ་བྱུང་།།

ང་ནི་བྱང་གི་བྱིའུ་ཆུང་།།

ཁྱེད་ནི་ལྷོ་ཡི་ཁུ་བྱུག།

ང་ཚོ་སྐྱེས་ཡུལ་མི་གཅིག།

འཛོམས་ས་གནས་མཆོག་ཉིང་ཁྲི།།

དབྱར་དགུན་སྟོན་དཔྱིད་ལོ་འཁོར།།

མཚམས་མེད་འཁོར་འཁོར་གནང་བས།།

སློབ་ཐོན་གྱེས་བྲལ་གླུ་ཚིག།

མིག་ཆུའི་གསེབ་ནས་བླངས་ཡོད།།

མིག་ཆུ་གཡོ་ཁྲམ་མེད་པས།།

བརྩེ་བའི་གཟུགས་སུ་མཐོང་རོགས།།

སྤུན་གྲོགས་ལ་རྒྱའི་དར་ཤིང་།།

སེམས་ཀྱི་དབུ་རྩེར་བཞེངས་ཡོད།།

བཀྲ་ཤིས་རྟེན་འབྲེལ་རང་འགྲིག།

གྲོགས་པོའི་ཕྱོགས་ལ་ཕེབས་རོགས།།

ལུས་བདེ་སེམས་སྐྱིད་ཡོང་བའི།།

བཀྲ་ཤིས་བསམ་དོན་འགྲུབ་རོགས།།

སླད་ཕྱིན་ལོ་ཟླའི་ནང་དུ།།

བྱ་གཞག་ཡར་ངོའི་ཟླ་ལྟར།།

སྐུ་ཚེ་རི་རྒྱལ་ལྷུན་བཞིན།།

གཏན་ནས་བརྟན་པའི་སྨོན་ལམ།།

༼ ནག་ཤོད་ང་རོའི་འཚེར་སྒྲ། ༽